རྒྱ་གར་ནང་བྱ་རྒོད་ཀྱི་གྲངས་འབོར་ཉུང་དུ་ཕྱིན་པའི་རྐྱེན་ཁོ་ནས་མིིའི་ཤི་ཚད་འབུམ་ལྔ་བརྒལ།

ཟླ་འདིའི་ཚེས་༢༦ ་ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་ནང་བྱ་རྒོད་གྱི་གྲངས་འབོར་ཉུང་དུ་ཕྱིན་པའི་དབང་གིས་མི་གྲངས་འབུམ་ལྔ་འཆི་སྐྱོན་བྱུང་བའི་གནས་ཚུལ་ཐོན་འདུག

པར། བྷི་བྷི་སི།

དུས་སྐབས་ཞིག་ལ་རྒྱ་གར་ནང་གི་བྱ་རྒོད་ཀྱི་གྲངས་འབོར་ནི་ཧ་ཅང་མང་ཞིང་། བྱ་རྒོད་དེ་དག་གིས་གད་སྙིགས་སྤུངས་པའི་ས་ཁུལ་དག་ཏུ་འཕུར་ལྡིང་གིས་གད་སྙིགས་ཁྲོད་དུ་སེམས་ཅན་གྱི་རོ་འཚོལ་བར་བྱེད། ཡིན་ཡང་། ལོ་ངོ་ཉི་ཤུ་ལྷག་གི་སྔོན་ནས་བྱ་རྒོད་ཀྱིས་སྨན་བཅོས་བྱས་པའི་བ་ཕྱུགས་ཤི་རོ་སོགས་ཀྱི་ཤ་བཟས་ནས་ཤི་འགོ་བཙུགས་ཏེ། ཕྱི་ལོ་༡༩༩༠ དཀྱིལ་ཙམ་ལ་རྒྱ་གར་ནང་བྱ་རྒོད་ཀྱི་གྲངས་འབོར་ས་ཡ་ལྔ་བཅུ་ཙམ་ཡོད་པའི་ཁྲོད་ནས་ཧ་ལམ་རྩ་མེད་དུ་གྱུར་ཡོད་འདུག རྒྱ་གར་གྱི་ནང་རིན་གོང་ཆུང་བའི་ཌའི་ཁི་ལོ་ཕེ་ནག་(diclofenac) ་ཟེར་བའི་ཟུག་བཅག་སྨན་ཞིག་བ་ཕྱུགས་ནད་པ་སོགས་ལ་བེད་སྤྱོད་གཏོང་གི་ཡོད་པ་དང་། སྨན་དེ་ནི་བྱ་རྒོད་འཆི་བའི་རྐྱེན་གཙོ་བོ་དེ་གྱུར་ཡོད་འདུག

ཕྱི་ལོ་༢༠༠༦ ལོར་ཕྱུགས་ནད་བཅོས་ཐབས་ཀྱི་སྨན་དེ་བེད་སྤྱོད་བྱེད་རྒྱུར་བཀག་འགོག་བྱས་པ་ནས་བཟུང་ས་ཁུལ་ཁ་ཤས་ལ་བྱ་རྒོད་ཀྱི་འཆི་གྲངས་ཉུང་དུ་ཕྱིན་ཡོད་ན་ཡང་། ཉེ་ལམ་རྒྱ་གར་གྱི་བྱའི་གནས་སྟངས་ཐོག་འགྲེམས་སྤེལ་བྱས་པའི་སྙན་ཐོ་གསར་པར་ལྟར་ན། ཉུང་མཐར་བྱ་རྒོད་ཀྱི་རིགས་གསུམ་གྱི་གྲངས་འབོར་བརྒྱ་ཆ་༩༡ ནས་༩༨ བར་ཉུང་དུ་ཕྱིན་ཡོད་འདུག ལྷག་པར་དུ་ཉེ་ཆར་ཆེད་ལས་པས་བསྐྱར་ཞིབ་དང་ཉམས་ཞིབ་ཀྱིས་གྲུབ་འབྲས་གསར་པ་ཞིག་ཨ་རིའི་དཔལ་འབྱོར་མཐུན་ཚོགས་ཀྱི་དུས་དེབ་(American Economic Association) ་ཏུ་བཀོད་འདུག་པ་ལྟར་ན། བྱ་རྒོད་འཆི་གྲངས་མང་བའི་དབང་གིས་ནད་འབུ་དང་འགོས་ནད་སྐྱེ་འཕེལ་བྱུང་ནས་ལོ་ལྔའི་ནང་ལོ་ལྟར་མི་ས་ཡ་ཕྱེད་ཀ་ཙམ་ཤི་བའི་རྐྱེན་བྱས་ཡོད་འདུག

པར། བྷི་བྷི་སི།

ཆི་ཁ་གྷོ་སློབ་ཆེན་གྱི་ཧེ་རི་སི་སྤྱི་པའི་སྲིད་བྱུས་སློབ་གླིང་(university of Chicago’s Harris School of public Policy) ་གི་དགེ་རྒན་ཆེན་མོའི་ལས་རོགས་ཨེ་ཡལ་ཧྥི་རན་ཁི་(Eyal Frank) ་ཡིས་བྱ་རྒོད་ཀྱིས་ང་ཚོའི་ཁོར་ཡུག་ནང་གི་ནད་འབུ་དང་ནད་རྐྱེན་ཡོད་པའི་སེམས་ཅན་ཤི་རོ་རྣམས་མེད་པ་བཟོ་བའི་ལས་འགན་གལ་ཆེན་བྱེད་ཀྱི་ཡོད་པར་བརྟེན། བྱ་རྒོད་ནི་རང་བྱུང་ཁམས་ཀྱི་གཙང་སྦྲའི་ཞབས་ཞུ་བ་ཞིག་ཏུ་བརྩི་བཞིན་ཡོད། གལ་སྲིད་བྱ་རྒོད་མེད་ན་ནད་ཡམས་ཁྱབ་གདལ་འགྲོ་སྲིད་ཅེས་དང་། བྱ་རྒོད་ཀྱིས་མིའི་འཕྲོད་བསྟེན་ཐོག་ཐེབས་པའི་ཤུགས་རྐྱེན་ཤེས་རྟོགས་བྱུང་བ་དེས་རི་དྭགས་སྲུང་སྐྱོབ་བྱེད་རྒྱུའི་གལ་གནད་མཚོན་གྱི་ཡོད་པ་དང་། སེམས་ཅན་ཚང་མས་སྣོད་བཅུད་ཀྱི་ཁོར་ཡུག་ནང་ང་ཚོའི་འཚོ་བར་ཤུགས་རྐྱེན་ཐེབས་པའི་ལས་ཀ་རེ་ཡོད་ཅེས་གསུངས།

ཨེ་ཡལ་ཧྥ་རན་ཁི་དང་ཁོང་གི་ལས་རོགས་གཉིས་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད། ཟུག་བཅག་སྨན་གྱི་ཚོང་འགྲེམ་ཇེ་མཐོར་ཕྱིན་པ་དང་བྱ་རྒོད་ཀྱི་གྲངས་འབོར་ཉུང་དུ་ཕྱིན་ཡོད་པ་དང་། དེ་སྔ་བྱ་རྒོད་མང་པོ་ཡོད་ན་ཡང་ད་ལྟ་མེད་པ་གྱུར་པའི་རྫོང་ཁག་ཏུ་མིའི་འཆི་ཚད་བརྒྱ་ཆ་བཞི་ལྷག་འཕར་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག

པར། བྷི་བྷི་སི།

ཉམས་ཞིབ་པས་ཕྱི་ལོ་༢༠༠༠ ནས་༢༠༠༥ བར་བྱ་རྒོད་ཀྱི་གྲོངས་འབོར་ཉུང་དུ་ཕྱིན་པའི་རྐྱེན་གྱིས་ལོ་རེར་མི་གྲངས་འབུམ་གཅིག་ཙམ་འཆི་རྐྱེན་བྱུང་བའི་ཚོད་དཔག་བྱས་ཤིང་། ལོ་ངོ་གཅིག་གི་ནང་དུས་མིན་འཆི་སྐྱོན་དང་འབྲེལ་བའི་དཔལ་འབྱོར་གྱི་གྱོང་གུན་ཨ་སྒོར་ཐེར་འབུམ་༦༩ ་བྱུང་ཡོད་པར་བརྗོད་འདུག འཆི་རྐྱེན་དེ་དག་ནད་ཡམས་དང་ནད་འབུ་ཁྱབ་གདལ་ཕྱིན་པར་བརྟེན་ནས་བྱུང་ཡོད་པ་དང་། དེ་སྔ་ནད་འབུ་དེ་དག་ནི་བྱ་རྒོད་ཀྱིས་མེད་པ་བཟོ་ཡི་ཡོད་འདུག དཔེར་ན། བྱ་རྒོད་མེད་པར་གྱུར་པ་དང་ཁྱི་འཁྱམ་གྱི་གྲངས་འབོར་འཕེལ་ཏེ། ཁྱིའི་སྨྱོ་ནད་ཁྱབ་གདལ་བྱུང་བ། ཁྱི་ཤི་བའི་རོ་གཙང་མ་བཟོ་མི་ཐུབ་པས་ནད་འབུ་དང་ནད་རྐྱེན་རྣམས་རྒྱུག་ཆུ་དང་འཐུང་ཆུའི་ནང་ཁྱབ་པས་ཆུའི་ནང་གི་ནད་འབུ་ལྡབ་གཉིས་ལྷག་འཕར་ཡོད་འདུག

རྒྱ་གར་ནང་གི་བྱ་རྒོད་འཆི་བའི་རྐྱེན་གཙོ་བོ་དེ་རྫས་སྦྱོར་གྱུར་ཡོད་ཀྱང་། གནམ་གཤིས་འགྱུར་ལྡོག་དང་མི་ཚོས་རི་དྭགས་ཉོ་ཚོང་ཤུགས་ཆེན་བྱས་པ་སོགས་ཀྱིས་ཀྱང་སེམས་ཅན་ལ་ཤུགས་རྐྱེན་ཐེབས་པ་དང་། དེ་ནས་རིམ་པས་ང་ཚོའི་འཚོ་གནས་ལ་ཡང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་བརྟེན། གྱོང་གུན་དེ་དག་ཤེས་རྟོགས་ཐོབ་རྒྱུ་དང་། རྩ་ཆེན་གྱི་སྲོག་ཆགས་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་ཆགས་ཡོད་པར་བརྗོད།

རྒྱ་གར་གྱི་བྱ་རྒོད་ཀྱི་རིགས་ལ་བྱ་རྒོད་རྒྱབ་དཀར་དང་རྒྱ་གར་བྱ་རྒོད། བྱ་རྒོད་མགོ་དམར་བཅས་གསུམ་ཡོད་ཅིང་། ཕྱི་ལོ་༢༠༠༠ ་ལོའི་འགོ་སྟོད་ནས་བྱ་རྒོད་རྒྱབ་དཀར་བརྒྱ་ཆ་༩༨% དང་རྒྱ་གར་བྱ་རྒོད་བརྒྱ་ཆ་༩༥% བྱ་རྒོད་མགོ་དམར་བརྒྱ་ཆ་༩༡% ་བཅས་ཉུང་དུ་ཕྱིན་ཡོད་འདུག ཕྱི་ལོ་༢༠༡༩ ལོའི་རྒྱ་གར་གྱི་སྒོ་ཕྱུགས་གྲངས་བཤེར་ནང་སེམས་ཅན་ས་ཡ་༥༠༠ ལྷག་ཡོད་པ་བཀོད་ནས་འཛམ་གླིང་ནང་མང་ཤོས་སུ་གྱུར། ཉམས་ཞིབ་པ་ཚོའི་བཤད་པ་ལྟར་ན། རྒྱ་གར་གྱི་བྱ་རྒོད་ཀྱི་གྲངས་འབོར་ཉུང་དུ་འགྲོ་བའི་མགྱོགས་ཚད་དེ་བྱ་རིགས་གཞན་དང་བསྡུར་ན་མགྱོགས་ཤོས་དང་། ཨ་རིའི་ཕུག་རོན་(Passenger Pigeon) ་ཟེར་བ་དེ་རྩ་མེད་དུ་ཕྱིན་རྗེས་བྱ་རྒོད་ནི་བྱ་རིགས་ཉུང་དུ་འགྲོ་བ་ཆེ་ཤོས་དེ་ཆགས་ཡོད་འདུག ཉེ་ལམ་རྒྱ་གར་ལྷོ་ཕྱོགས་སུ་ཞིབ་བཤེར་བྱས་པའི་ནང་བྱ་རྒོད་༣༠༠ ལྷག་ཐོ་འགོད་བྱས་ཡོད་འདུག་ཀྱང་། ད་དུང་བྱ་རྒོད་མང་དུ་འགྲོ་སྲིད་མིན་ནི་བརྗོད་དཀའ་བ་ཞིག་ཏུ་གྱུར་ཞིང་། བྱ་རྒོད་མང་དུ་འགྲོ་བར་སྲུང་སྐྱོབ་དང་འབྲེལ་བའི་ལས་དོན་གང་མང་བརྩམ་དགོས་ཀྱི་ཡོད་པར་བརྗོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།