རྒྱ་གར་ནང་ཚ་ཚད་འཕར་བས་ཉུང་མཐའ་ལ་མི་༡༥ གྲོངས་འདུག
རྒྱ་གར་གྱི་ནུབ་ཕྱོགས་སུ་གནམ་གཤིས་ཚ་དྲོད་ཀྱི་རྐྱེན་པས་མི་ལ་ཆུ་དང་གློག་གི་དཀའ་ངལ་དང་། ནད་པ་ཆགས་པ་དང་འདས་གྲོངས་སུ་གྱུར་པ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༣༡ ཉིན་བྷི་བྷི་སི་ཡིས་གནས་ཚུལ་སྤེལ་གསལ་ལྟར་ན། འདས་པའི་ཆུ་ཚོད་༢༤ ནང་རྒྱ་གར་གྱི་དབུས་དང་བྱང་ཕྱོགས་སུ་གནམ་གཤིས་ཀྱི་ཚ་ཚད་དེ་མུ་མཐུད་ནས་མཐོ་རུ་ཕྱིན་པས་མི་མང་པོ་ཞིག་ནད་པ་ཆགས་པ་མ་ཟད་འགའ་ཤས་གྲོངས་ཀྱང་ཡོད་འདུག རེས་གཟའ་ཕུར་བུ་ལ་ཨོ་ཌི་ཤ་(Odisha) ཡི་(Rourkela) ཕྱོགས་སུ་གནམ་གཤིས་ཚ་ཚད་ཀྱིས་རྐྱེན་པས་ནད་པ་༡༠ གཞུང་གི་སྨན་ཁང་ལ་སྨན་བཅོས་བྱེད་དུ་སླེབས་ཡོད་འདུག མ་ཟད་རྒྱ་ས་ལྡི་ལི་དང་། བྷི་ཧར་(Bihar)། ར་ཇ་སི་ཐན་(Rajasthan)། ཇར་ཁན་(Jharkhand) བཅས་ནས་ཚ་འབོག་གིས་heat- stroke མི་གྲོངས་ཡོད་པའི་སྙན་ཐོ་བཏང་ཡོད་འདུག ཚ་ཚད་ཆེན་པོ་དེ་རྒྱ་གར་ཡོངས་ཀྱི་འོས་བསྡུའི་སྐབས་སུ་སླེབས་ཡོད་པ་དང་། འོས་ཀྱི་གྲུབ་འབྲས་དེ་ཕྱི་ཟླ་༦ པའི་ཚེས་༤ ལ་ཕྱིར་བསྒྲགས་བྱེད་ཀྱི་ཡོད་འདུག བྷི་ཧར་གྱི་(Bhojpur) རྫོང་གི་རྫོང་དཔོན་མ་ཧེན་ཌ་ར་(Mahendra Kumar) གྱིས་བཤད་པ་ལྟར་ན། རེས་གཟའ་ཕུར་བུར་འོས་བསྡུ་ལས་བྱེད་པ་༣ དང་ཉེན་རྟོག་པ་༡ བཅས་གནམ་གཤིས་ཀྱི་ཚ་ཚད་རྐྱེན་པས་གྲོངས་ཡོད་འདུག རྫོང་དཔོན་མ་ཧེན་ཌ་ར་ཡིས་ “ཉིན་དེར་ཚ་ཚད་ཧ་ཅང་མཐོ་བ་དང་། སྨན་ཁང་ཡོངས་ལ་མཐུན་རྐྱེན་འཛོམས་ཡོད་ཀྱང་ཁོང་ཚོ་གྲོངས་སོང། ཁང་པའི་ཉེན་སྲུང་བ་(ཉེན་རྟོག་པ་)ཁོ་རང་སྡོད་ས་རང་ལ་དྲན་ཤེས་མེད་པར་གྱུར་སོང་” ཞེས་བཤད་ཡོད་འདུག ཁོས་བཤད་པ་ལྟར་ན། ད་དུང་ཉིན་དེར་ཚ་ཚད་ཀྱི་རྐྱེན་པས་ནད་པ་༣༠ནས་༤༠ ཙམ་ཞིག་སྨན་ཁང་དེ་རང་ལ་སླེབས་ཡོད་འདུག ས་ཁུལ་དེའི་སྨན་ཁང་རྣམས་ལ་སྨན་པ་བསྟེན་མཁན་ཉིན་རེར་མང་དུ་འགྲོ་གི་ཡོད་འདུག (India’s National Centre for Disease Control) ཚོགས་པས་ཚ་ཚད་ཀྱིས་རྐྱེན་པས་ འཆི་བའི་ཉེན་ཁའི་ཚད་ནི་བརྒྱ་ཆ་༤༠-༦༠% བར་ཡིན་པས། ཚ་ཚད་དེ་“ཚེ་སྲོག་ལ་ཉེན་ཁ་ཅན་” ཞིག་ཏུ་རྩི་གི་ཡོད་འདུག འདས་པའི་བདུན་གཉིས་རིང་རྒྱ་གར་ནུབ་ཕྱོགས་ཀྱི་ས་ཁུལ་ཁག་ལ་ཚ་བ་མ་ཆགས་པར། ཚ་ཚད་ཆེ་ཤོས་ལ་༤༥-༤༦C དང་སྐབས་འགར་༥༠C ཡང་སླེབ་ཀྱི་ཡོད་འདུག མི་ཚོས་ཆུ་དང་གློག་བེད་སྤྱོད་མང་པོ་བྱས་པའི་རྐྱེན་གྱིས་ས་ཁུལ་འགའ་ཤས་ནང་ཆུ་དང་གློག་མ་འདང་བའི་དཀའ་ངལ་ཡོད་འདུག་ལ། ཚ་དྲོད་ཀྱིས་མེ་འབར་བའི་གནས་ཚུལ་འབྱུང་གི་ཡོད་པས། ཤིང་ནགས་ནང་ཌོ་རོན་གནམ་གྲུ་བརྒྱུད་ནས་ལྟ་སྲུང་བྱེད་ཀྱི་ཡོད་འདུག ལྡི་ལི་ཡི་གནམ་གཤིས་ཚ་ཚད་༥༠C ཉེ་འགྲམ་ལ་སླེབས་འདུག་པར་བརྟེན། ལྡི་ལི་ལ་ཆུ་དང་གློག་གི་དཀའ་ངལ་འཕྲད་ཡོད་འདུག ཆེད་ལས་པ་ཚོས་བཤད་པ་ལྟར་ན། ནམ་རྒྱུན་དུ་ས་ཁུལ་མང་པོ་ཞིག་ལ་དབྱར་ཁའི་དུས་སུ་ཚ་དྲོད་ཆེ་ཡང་ལོ་རེ་ནས་རིམ་པས་ཚ་དྲོད་དེ་བས་ཆེ་རུ་དང་། རྒྱུན་རིང་དུ་འགྲོ་ཡི་ཡོད་འདུག
གསར་འགོད་པ། བསྟན་འཛིན་གཡང་འཛོམ།