རྒྱ་གར་བ་ཚོ་ལ་རིམས་འགོག་གི་ནུས་པ་ཆེ་བ་ཡོད་ཅེས་བརྗོད་འདུག
ཟླ་འདིའི་ཚེས་༢༣ ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་ནང་དུ་ངོ་བོ་འགྱུར་བའི་ཏོག་དབྱིབས་གཉན་རིམས་གསར་པ་ཁྱབ་བཞིན་ཡོད་པས་མི་མང་གི་འདུ་འཛོམས་ཆེ་ས་ལ་ཁ་རས་གྱོན་དགོས་པ་དང་། རྒྱལ་ཁབ་གཞན་ནས་ཡོང་མཁན་ཚོ་ལ་དུས་ཚོད་ངེས་མེད་ལ་བརྟག་དཔྱད་བྱེད་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
རྒྱ་ནག་ཏུ་ངོ་བོ་འགྱུར་བའི་ཏོག་དབྱིབས་གཉན་རིམས་གསར་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་དང་། ཏོག་དབྱིབས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་ལྷོད་དུ་བཏང་བ་སོགས་ཀྱི་རྐྱེན་པས། ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་ལ་ནད་ཡམས་ཀྱི་དཀའ་ངལ་སླར་ཡང་ཡོང་གི་ཡོད་མེད་ཐོག་སེམས་འཚབ་བྱེད་བཞིན་འདུག ལོ་འདིའི་ཕྱི་ཟླ་༧ ནས་༡༠ པའི་བར་རྒྱ་གར་གྱི་གྷུ་ཇི་ར་ཐའི་མངའ་སྡེའི་ནང་མི་གསུམ་དང་། ཨོ་དྷི་ཤར་མངའ་སྡེའི་ནང་མི་གཅིག་བཅས་ཁྱོན་བསྡོམས་མི་བཞི་ལ་ངོ་བོ་འགྱུར་བའི་ཏོག་དབྱིབས་གཉན་རིམས་གསར་པ་(BF.7) འགོས་ཡོད་ཀྱང་། ནད་པ་དེ་རྣམས་ཟུར་བཀག་དང་སྨན་བཅོས་བྱས་ནས་དྲག་སྐྱེད་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག
ངོ་བོ་འགྱུར་བའི་ཏོག་དབྱིབས་གཉན་རིམས་གསར་པ་དེ་ཨ་རི་དང་དབྱིན་ཡུལ། ཧྥ་རན་སི་དང་ཇར་མཱ་ནེ། བྷེལ་ཇམ་དང་ཌེན་མག་བཅས་སུ་ཁྱབ་བཞིན་ཡོད་ན་ཡང་། རྒྱ་ནག་ཏུ་ཁྱབ་པ་ལྟར་ཛ་དྲག་གི་གནས་སྟངས་ཆགས་མེད་པ་རེད་འདུག ཕྱིི་ལོ་༢༠༡༩ ནས་བཟུང་ད་བར་རྒྱ་ནག་ནང་ནད་ཡམས་ཀྱི་དཀའ་ངལ་ཆེ་ཤོས་དེ་འཕྲད་བཞིན་ཡོད་འདུག་ལ། བྷོ་ལོམ་བྷེ་ཁེ(Bloomberg) ཞེས་པའི་གསར་ཁང་གིས་ད་ལྟའི་ཆར་རྒྱ་ནག་གི་ནང་ལ་ཉིན་གཅིག་གི་རིང་མི་ས་ཡ་༡ ལ་ངོ་བོ་འགྱུར་བའི་ཏོག་དབྱིབས་གཉན་རིམས་འགོ་ཡི་ཡོད་པ་དང་། ཉིན་གཅིག་ལ་ཧ་ལམ་མི་༥ སྟོང་ཙམ་གྲོངས་ཀྱི་ཡོད་རེད་ཅེས་པའི་གནས་ཚུལ་སྤེལ་ཡོད་འདུག
ཟླ་འདིའི་ཚེས་༢༢ ཉིན་རྒྱ་གར་གྱི་སྲིད་བློན་མུ་དྷི་ཡིས་ཆེས་མཐོའི་ཚོགས་འདུ་ཞིག་བསྐོང་ཚོགས་ཀྱིས་རྒྱ་གར་གྱི་ནང་ལ་ཏོག་དབྱིབས་གཉན་རིམས་ཀྱི་གནས་བབས་ཐོག་ལ་བསྐྱར་ཞིབ་བྱས་ཡོད་འདུག་ལ། རྒྱ་གར་གཞུང་གིས་རྒྱ་ནག་ལ་ཕར་འགྲོ་ཚུར་འོང་གི་གནམ་གྲུ་བཀག་སྡོམ་བྱས་ཡོད་པ་མ་ཟད། ཟླ་འདིའི་ཚེས་༢༤ ནས་རྒྱལ་ཁབ་གཞན་ནས་ཡོང་མཁན་བརྒྱ་ཆ་གཉིས་ཙམ་ལ་ངེས་མེད་བརྟག་དཔྱད་བྱེད་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
རྒྱ་གར་གྱི་གསོ་རིག་མཐུན་ཚོགས་ཀྱི་ཚོགས་མི་སྨན་པ་ཨ་ནིལ་ གྷོ་ཡལ་གྱིས་(Dr.Anil Goyal) རྒྱ་གར་གྱི་མི་འབོར་བརྒྱ་ཆ་༩༥% ལ་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་པས་སྒོ་རྒྱ་བསྡམས་དགོས་པ་ལྟ་བུའི་དཀའ་ངལ་འཕྲད་ཀྱི་མ་རེད་ལ། ང་ཚོའི་ཡུལ་མི་རྣམས་ཀྱི་རིམས་འགོག་ནུས་པ་ནི་རྒྱ་མི་ཚོའི་རིམས་འགོག་ནུས་པ་ལས་ནུས་སྟོབས་ཆེ་བ་ཡོད་རེད་ཅེས་བརྗོད་ཡོད་འདུག ཟླ་འདིའི་ཚེས་༢༣ ཉིན་རྒྱ་གར་གྱི་དབུས་འཕྲོད་བསྟེན་བློན་ཆེན་མཱན་སུཀ་ མཱན་དྷཱ་ཝི་ཡ་(Mansukh Mandaviya) ཡིས་མངའ་སྡེ་ཁག་དང་དབུས་འཛིན་མངའ་ཁུལ་(Union territories) གྱི་འཕྲོད་བསྟེན་བློན་ཆེན་རྣམས་བསྡུ་སྐོང་གིས་ཚོགས་འདུ་ཞིག་འཚོག་རྒྱུ་ཡིན་རབས་བརྗོད་ཡོད་འདུག
ཕྱི་ལོ་གསར་པ་འཆར་ལ་ཉེ་བ་དང་ཡར་མར་འགྲོ་བསྐྱོད་ཇེ་མང་དུ་འགྲོ་བཞིན་པའི་སྐབས་དེར་རྒྱ་གར་གྱི་མངའ་སྡེ་ཁག་མང་པོའི་ནང་ཁ་རས་གྱོན་དགོས་པ་ནན་པོ་བརྗོད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།