རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་འདུ་བསྐོང་ཚོགས་གནང་སྟེ་བོད་དོན་གྲོས་ཆོད་ཁག་ཅིག་གཏན་འབེབས་གནང་འདུག
ཕྱི་ཟླ་༠༨ པའི་ཚེས་ ༠༣ དང་ ༠༤ བར་རྒྱ་གར་གྱི་ཧར་ཡ་ན་མངའ་སྡེའི་སོ་ནི་པཊ་ཞེས་པའི་ས་གནས་སུ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་སྐོར་ཚོགས་འདུ་བསྐོང་ཚོགས་གནང་འདུག་པ་དང་། ཚོགས་འདུའི་དབུ་འབྱེད་མཛད་སྒོའི་ཐོག་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སློབ་སྟོན་པ་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་ཚོགས་གཙོ་དང་དྲུང་ཆེ། གཞན་ཡང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་ཚོགས་གཙོ་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་མཐུད་པ་སོགས་རྒྱ་གར་ནང་གི་མངའ་སྡེ་གྲངས་ ༢༤ ནས་ཚོགས་བཅར་བ་གྲངས་ ༢༦༧ ཙམ་མཉམ་ཞུགས་གནང་ཡོད་འདུག
ཚོགས་འདུའི་ཐོག་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སློབ་སྟོན་པ་དང་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་ཚོགས་མི་རྒན་པ་ཨིནྡྲེཤ་ཀུ་མཱར་གྱིས་གསུངས་དོན། ཕྱི་ལོ་ ༢༠༢༥ ལོར་མགོན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་ཀྱི་ཡོད་པ་དང་བསྟུན་ནས། ལོ་འཁོར་མར་བྱམས་བརྩེའི་ལོར་སྲུང་བརྩི་ཞུ་རྒྱུ་དང་། ༸གོང་ས་མཆོག་གི་དགོངས་གཞི་རྣམས་ཁྱབ་སྤེལ་གོ་རྟོགས་སྤེལ་རྒྱུའི་ཆེད་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་གོ་སྒྲིག་ཚོགས་ཆུང་ཞིག་ཟུར་འཛུགས་གནང་རྒྱུ་སོགས་གསུངས་འདུག དེ་བཞིན་ཉེ་ཆར་རྒྱ་ནག་གཞུང་གིས་བོད་ནང་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙན་དབང་གིས་སྒོ་བརྒྱབ་བཅུག་པའི་གནས་ཚུལ་ལ་ཐུགས་འཚབ་དང་སྦྲགས། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པ་རྩ་མེད་གཏོང་བའི་སྲིད་བྱུས་ལ་སྐྱོན་བརྗོད་གནང་ཡོད་འདུག
དེ་བཞིན་སྐུ་མགྲོན་གཙོ་བོ་བདེ་སྲུང་བཀའ་བློན་ནས་རྒྱ་ནག་གཞུང་གི་དྲག་གནོན་ཆེ་བའི་སྲིད་བྱུས་ལག་བསྟར་གྱིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་གི་ཡོད་པ་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེ་གཏོང་བཞིན་པར་སྐྱོན་བརྗོད་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་དོ་སྣང་དང་། དེ་དོན་ཡར་རྒྱས་གཏོང་བར་ཐུགས་ཁུར་བཞེས་དགོས་པའི་རེ་སྐུལ་ཞུས་ཡོད་འདུག
གཞན་ཡང་རྒྱ་ནག་གཞུང་གིས་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་ཐེ་བྱུས་བྱེད་མི་ཆོག་པ་དང་། རྒྱ་གར་ཐེ་བའི་རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་༸གོང་ས་མཆོག་གི་ཡང་སྲིད་ཐད་དགོངས་གཞི་ཇི་ཡོད་ལ་བརྩི་བཀུར་ངོས་འཛིན་གནང་དགོས་པ། དེ་བཞིན་གྲོས་མོལ་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས། རྒྱ་གར་གྱི་བདེ་འཇགས། རྒྱ་གར་ནང་བོད་དོན་གོ་རྟོགས་སྤེལ་ཕྱོགས་སོགས་ཀྱི་སྐོར་གྲོས་བསྡུར་དང་གྲོས་ཆོད་གཏན་འབེབས་གནང་ཡོད་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་ནས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བ་ནས་བཏུས།