རྒྱ་གར་རང་བཙན་ཉིན་མོ།
བློན་ཆེན་ན་རན་ཌར་མཱོ་ཌི་ཡིས་རྒྱ་གར་རང་བཙན་དུས་དྲན་ཐེངས་༦༨ པ་སྲུང་བརྩིའི་ཐོག་འཚམས་འདྲི་དང་། ཁོང་གིས་འཆར་འགོད་ལྷན་ཁང་གི་ཚབ་ལ་ལྷན་ཁང་གསར་པ་ཞིག་སྒོ་འབྱེད་བྱེད་འདོད་ཡོད་པ་དང་། ཡུལ་མི་རྣམས་མཉམ་རུབ་ཐོག་རྒྱལ་ཁབ་ཡར་རྒྱས་གཏོང་དགོས་པའི་ནན་སྐུལ་བྱས་འདུག
བློན་ཆེན་ན་རན་ཌར་མཱོ་ཌི་ཡིས་རྒྱ་གར་རང་བཙན་དུས་དྲན་ཐེངས་༦༨ པ་སྲུང་བརྩིའི་ཐོག་འཚམས་འདྲི་དང་། ཁོང་གིས་འཆར་འགོད་ལྷན་ཁང་གི་ཚབ་ལ་ལྷན་ཁང་གསར་པ་ཞིག་སྒོ་འབྱེད་བྱེད་འདོད་ཡོད་པ་དང་། ཡུལ་མི་རྣམས་མཉམ་རུབ་ཐོག་རྒྱལ་ཁབ་ཡར་རྒྱས་གཏོང་དགོས་པའི་ནན་སྐུལ་བྱས་འདུག
དེ་ཡང་ཟླ་དིའི་ཕྱི་ཚེས་༡༥ ཉིན་སྲིད་བློན་ན་རན་ཌར་མཱོ་ཌི་ཡིས་རྒྱ་གར་གྱི་རྒྱལ་ས་རྡི་ལི་གསར་པའི་ནང་དབུ་ཁྲིད་དམ་པ་གྷན་ངྷི་མཆོག་ལ་ལེགས་སྐྱེས་ཆེད། འབྱུང་འགྱུར་༢༠༡༩ ལ་རྒྱ་གར་ནང་གི་དཀའ་རྙོག་གཙང་མ་བཟོས་ནས་མེས་བོ་དམ་པ་གྷན་ངྡི་ཡི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་བྱེད་རྒྱུ་ཡིན་སྐོར་རྒྱ་གར་བརྒྱུད་ལམ་ཁག་ཏུ་བརྗོད་འདུག
ཁོང་གི་རང་བཙན་ཉིན་མོའི་གསུང་བཤད་ནང་། རྒྱ་གར་གྱི་མང་གཙོ་དེ་ཚད་ལྡན་ཞིག་ཡིན་པ་དང་། ཁྱིམ་ཚང་དཀྱུས་མ་ཞིག་ནས་མཚར་ལོངས་བྱུང་བའི་མི་ཞིག་རྒྱལ་ཁབ་ཀྱི་དབུ་ཁྲིད་དུ་གྱུར་ཏེ། རྒྱལ་ཡོངས་སུ་གཏམ་བཤད་བྱེད་རྒྱུའི་གོ་སྐབས་རག་པ་དེ་རྒྱ་གར་མང་གཙོ་ལམ་ལུགས་ཀྱིས་ཕུལ་བའི་ལེགས་སྐྱེས་ཤིག་ཏུ་གྱུར་ཡོད་ཅེས་བརྗོད་འདུག
དེ་བཞིན་རྒྱ་གར་རང་བཙན་རྒྱལ་ཁབ་ཞིག་ཏུ་གྱུར་པའི་རྒྱབ་ལ་མི་མང་པོས་བློས་གཏོང་ལ་ཡི་རང་བསྔགས་བརྗོད་ཡོད་སྐོར་བརྗོད་པ་དང་། ཁོང་གིས་“ རྒྱལ་ཁབ་ཀྱི་སྲིད་དོན་པ་དང་། ས་སྐྱོང་པ། ཡང་ན་སྲིད་གཞུང་བཅས་ཀྱིས་འཛུགས་སྐྲུན་བྱས་པ་ཞིག་མིན་པར་ཞིང་པ་དང་། ཨ་མ། སྲིང་མོ། ན་གཞོན། དགེ་རྒན་དེ་བཞིན་ཚང་མས་འགན་འཁུར་ཐོག་སྒྲུབ་པ་ཞིག་ཡིན་སྟབས། རྒྱལ་ཁབ་ཡར་རྒྱས་གཏོང་བར་རང་དོན་བློས་ཀྱིས་རྒྱལ་ཁབ་ཀྱི་ཁེ་ཕན་ལ་བསམ་གཞིགས་བྱེད་དགོས་པ་གལ་ཆེ་ཡིན་སྐོར་བརྗོད་འདུག
རྒྱ་གར་ནང་བུད་མེད་རྣམས་ལ་དམིགས་བསལ་དོ་སྣང་དགོས་པ་དང་། ཕྲུ་གུ་བུད་མེད་སྐྱེས་མ་ཐག་གསོད་རྒྱུར་མཚམས་འཇོག ད་དུང་ཁོང་ཚོར་ཐོབ་ཐང་གཅིག་མཚུངས་སྤྲོད་དེ་རྒྱལ་ཁབ་ལ་ཞབས་ཞུའི་གོ་སྐབས་སྤྲོད་དགོས་ལུགས་བརྗོད་འདུག
ཉེ་ཆར་ཁོང་གིས་གསར་ཏུ་བཏོན་པའི་སྲིད་བྱུས་གསར་པ་(Jan Dhan Bhagidari) ཞེས་པའི་ནང་། ཁྱིམ་ཚང་སྐྱོ་བོ་ཚང་མར་དངུལ་འཛིན་ཁ་བྱང་རེ་སྒོ་ཕྱེ་རྒྱུ་དང་། རྒྱ་གར་སྤྱི་ཚོགས་རིང་ལུགས་སྐབས་སྒོ་འབྱེད་བྱས་པའི་འཆར་འགོད་ལྷན་ཁང་དེའི་ཚབ་ལྷན་ཁང་གསར་པ་སྒོ་འབྱེད་དེ། རྒྱ་གར་ཕྱི་ནང་གཉིས་ཀྱི་དཔལ་འབྱོར་ཡར་རྒྱས་འགོ་འཛུགས་བྱེད་རྒྱུའི་སྐོར་བརྗོད་འདུག
མཐར་མའི་གསུང་བཤད་ནང་སྐུ་ཞབས་མཱོ་ཌི་ཡིས། གོང་གི་གཏམ་བཤད་དེ་ཚོ་སྲི་ཞུ་བ་ཞིག་གི་ངོས་ནས་བཤད་པ་ཞིག་ཡིན་པ་ལས། རྒྱལ་ཁབ་ཀྱི་སྲིད་བློན་ཡིན་པའི་ཁུལ་གྱིས་མིན་པ་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་འདུག