རྒྱ་དཀར་ནག་གཉིས་བར་རྩོད་གཞི་ཅན་གྱི་ཨ་རུལ་ན་ཅལ་མངའ་སྡེ།

རྒྱ་ནག་གཞུང་གིས་ཡུན་རིང་ནས་ད་ལྟ་རྒྱ་གར་གྱི་མངའ་ཁོངས་སུ་ཡོད་པའི་ཨ་རུལ་ན་ཅལ་མངའ་སྡེ་དེ། བོད་ལྷོ་ཕྱོགས་ཀྱི་ས་ཁུལ་ཞིག་ཡིན་ཚུལ་བརྗོད་ནས་རྒྱ་གར་དང་ལྷན་དུ་ལོ་རྟག་པར་རྩོད་རྙོག་འབྱུང་གི་ཡོད་པ་ལྟར། འདས་པའི་ཟླ་བ་འགའ་ཤས་ནང་རྒྱ་ནག་གཞུང་གི་ཨ་རུལ་ན་ཅལ་མངའ་སྡེ་དེའི་ནང་ཡོད་པའི་ས་ཆ་༦༠ ཙམ་ཞིག་གི་མིང་གསལ་བཏོན་བྱས་ནས་བོད་ཀྱི་ལྷོ་ཕྱོགས་ཀྱི་ས་ཁུལ་ཡིན་པརབརྗོད་ནས་རྩོད་རྙོག་བཟོ་ཡི་ཡོད་འདུག རྩོད་རྙོག་དེ་དག་ལ་བརྟེན་ནས་རྒྱ་གར་གཞུང་གིས་རྒྱ་ནག་གཞུང་ལ་རྒོལ་ལན་སློག་ཆེད་དུ་བོད་ནང་གི་ས་ཆ་༣༠ ཙམ་ཞིག་ལ་རྒྱ་གར་གྱི་ངོས་ནས་མིང་གསལ་བཏོན་བྱ་རྒྱུ་ཡིན་འདུག

ཕྱི་ཚེས་༡༡ ཉིན་རྒྱ་གར་གྱི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདི་ལོའི་ཕྱི་ཟླ་༣ པའི་ནང་རྒྱ་ནག་གཞུང་གིས་ཨ་རུལ་ན་ཅལ་མངའ་སྡེའི་ས་ཆ་༣༠ ཙམ་གྱི་མིང་གསལ་བཏོན་བྱས་ནས་བོད་ལྷོ་ཕྱོགས་ཀྱི་ས་ཆ་ཡིན་པར་བརྗོད་ནས་རྒྱ་དཀར་ནག་གཉིས་བར་རྩོད་རྙོག་བྱུང་ཡོད་པར་བརྟེན། ད་ཆར་རྒྱ་གར་ངོས་ནས་རྒྱ་ནག་གཞུང་ལ་རྒོལ་ལན་སློག་ཆེད་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་ཡོད་ཅིང་། སྔར་ལོ་རྒྱུས་ནང་འཁོད་པའི་བོད་པའི་ས་ཆའི་མིང་མང་པོ་ཞིག་རྒྱ་གར་གྱི་ལོ་རྒྱུས་མཁས་པ་དག་གིས་རྒྱ་གར་གྱི་སྐད་ཡིག་ནང་ཞིབ་འཇུག་བྱས་ནས་གསལ་བཏོན་བྱེད་རྒྱུ་ཡིན་འདུག དེ་སྔོན་རྒྱ་ནག་གཞུང་གིས་ཨ་རུལ་ནང་ཡོད་པའི་ས་ཆ་མང་པོ་ཞིག་གི་མིང་གསལ་བཏོན་བྱས་ནས་བོད་ལྷོ་ཕྱོགས་ཀྱི་ས་ཆ་ཡིན་པར་རྗོད་སྐབས། རྒྱ་གར་གཞུང་གིས་ངོས་ལེན་མ་བྱས་པ་དང་སྐྱོན་བརྗོད་བྱས་པ་ལས་བོད་ནང་གི་ས་ཆའི་མིང་གསལ་བཏོན་བྱེད་ཀྱི་མེད་ཀྱང། ད་ཆར་རྒྱ་གར་གཞུང་གིས་རྒྱ་ནག་གི་བྱ་སྤྱོད་ལ་རྒོལ་ལན་འདྲ་འདྲ་སློག་རྒྱུ་ཡིན་འདུག རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་(S. Jaishankar)ཡིས་འདི་ལོའི་ཕྱི་ཟླ་༣ པའི་ནང་རྒྱ་ནག་གིས་རྩོད་གླེང་དེ་བཟོ་དུས་རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་ཀྱི་བྱ་སྤྱོད་དེ་ཐེངས་དང་པོ་མ་ཡིན་པར་ཐེངས་བཞི་པ་རེད་ཅེས་དང་། མ་འོངས་པར་རྒྱ་ནག་དང་འབྲེལ་བ་བྱེད་ཕྱོགས་ཐད་ཐབས་ལམ་གསར་པ་ཞིག་འཚོལ་རྒྱུ་ཡིན་པར་བརྗོད་ཡོད་འདུག རྒྱ་གར་གཞུང་གིས་རྒྱ་ནག་ལ་རྒོལ་ལན་ནན་ཏན་ཞིག་སློག་མ་ཐུབ་པའི་རྒྱུ་མཚན་གཅིག་ནི་རྒྱ་ནག་ནས་རྒྱ་གར་གྱི་དཔལ་འབྱོར་ལ་ཁེ་ཕན་ཆེན་པོ་ཞིག་ཡོད་པ་དང་། ད་ལྟའི་ཆར་རྒྱལ་ཁབ་གཉིས་བར་སྔར་ལས་ཚོང་འབྲེལ་གཞི་རྒྱ་ཇེ་ཆེར་ཡིན་པས། དེ་དག་ལས་རྒྱ་གར་གྱིས་ཧིན་བོད་ས་མཚམས་སུ་རྩོད་རྙོག་ག་ཚོད་བྱུང་ཡང་དེ་ཙམ་རྒོལ་ལན་སློག་གི་མེད་ཀྱང་། ད་ཆར་རྒྱ་གར་གྱི་དཔལ་འབྱོར་སྔར་ལས་ཡར་རྒྱས་འགྲོ་བཞིན་ཡོད་པས། རྒྱ་ནག་ལ་དེ་ཙམ་བརྟེན་མི་དགོས་པའི་གནས་སྟངས་ཤིག་ཡོང་རྒྱུ་ལ་འབད་བཞིན་ཡོད་པར་བརྗོད་འདུག དེ་ལྟ་བུ་ཞིག་ཡོང་ན་འབྱུང་འགྱུར་རྒྱ་དཀར་ནག་བར་ཧིན་བོད་ས་མཚམས་སུ་རྩོད་རྙོག་ཅི་འདྲ་བྱུང་ཡང་རྒོལ་ལན་དྲག་པོ་སློག་ཐུབ་རྒྱུ་ཡིན་པར་རྗོད་ཀྱི་ཡོད་འདུག དེ་བཞིན་ད་ཆར་རྒྱ་ནག་གི་དཔལ་འབྱོར་ལ་སྔར་ལས་དཀའ་ངལ་མང་བ་ཞིག་ཡོང་གི་ཡོད་པར་བརྟེན། མ་འོངས་པར་རྒྱ་ནག་དང་ལྷན་དུ་དཔལ་འབྱོར་མཉམ་ལས་བྱས་ན་ཉེན་ཁ་ཆེན་པོ་ཡོང་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་འདུག་ལ། དེ་ལས་ནུབ་ཕྱོགས་ཚོ་དང་དཔལ་འབྱོར་མཉམ་ལས་བྱས་ན་ལེགས་ཚུལ་ཡང་ཤོད་མཁན་ཡོད་འདུག རྒྱ་གར་གྱི་ངོས་ནས་བོད་ནང་གི་ས་ཆའི་མིང་གསལ་བཏོན་དེ་རྒྱ་གར་གྱི་གཞུང་གསར་པ་དེ་གཏན་འཇགས་ཤིག་ཆགས་རྗེས་འདོན་རྒྱུ་ཡིན་འདུག།

གསར་འགོད་པ། བསོད་ནམས་ཕུན་ཚོགས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།