རྒྱ་ནག་གཅིག་གི་སྲིད་ཇུས་དང་མཚོ་འགག་གཉིས་ཀྱི་འབྲེལ་བ་མཉམ་གནས།
ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པ་གོ་མིན་ཏང་གི་འགོ་ཁྲིད་ཧུང་སིའུ་ཅུ་ཡིས་སྣེ་ཁྲིད་པའི་ཚོགས་པའི་སྐུ་ཚབ་མི་སྣ་ཁག་ཅིག རྒྱ་ནག་ཏུ་སླེབས་ཏེ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཐུག་འཕྲད་བྱས་པ་དང་། མཚོ་འགག་གཉིས་བར་ཞི་བདེ་ཡོང་ཐབས་ལ་འབད་རྒྱུ་ཡིན་སྐོར་དང་།
ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པ་གོ་མིན་ཏང་གི་འགོ་ཁྲིད་ཧུང་སིའུ་ཅུ་ཡིས་སྣེ་ཁྲིད་པའི་ཚོགས་པའི་སྐུ་ཚབ་མི་སྣ་ཁག་ཅིག རྒྱ་ནག་ཏུ་སླེབས་ཏེ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཐུག་འཕྲད་བྱས་པ་དང་། མཚོ་འགག་གཉིས་བར་ཞི་བདེ་ཡོང་ཐབས་ལ་འབད་རྒྱུ་ཡིན་སྐོར་དང་། ཞི་ཅིན་ཕིང་གིས་རྒྱ་ནག་གཅིག་གི་སྲིད་ཇུས་དེ་ནམ་ཡང་འགྱུར་བ་འགྲོ་མི་སྲིད་སྐོར་བརྗོད་ཡོད་འདུག
དེ་ཡང་ཟླ་༡༠པའི་ཚེས་༣༠ ཉིན་གོ་མིན་ཏང་གི་འགོ་ཁྲིད་ཧུང་སིའུ་ཅུ་དང་སྐུ་ཚབ་ཁག་ཅིག་རྒྱ་ནག་ལ་འབྱོར་ཡོད་པ་དང་། ཟླ་འདིའི་ཚེས་༡ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ། རྒྱ་ནག་གི་སྲིད་འཛིན་དང་དམར་ཤོག་ཚོགས་པའི་དྲུང་ཆེ་ཞི་ཅིན་ཕིང་དང་ཧུང་སི་ཅུ་གཉིས་ཐུག་འཕྲད་བྱས། སྐབས་དེར་ཞི་ཅིན་ཕིང་གིས་ཐའེ་ཝན་གི་ཆབ་སྲིད་ལ་འགྱུར་ལྡོག་གང་འདྲ་ཕྱིན་ཡང་། རྒྱ་ནག་གི་གཅིག་གི་སྲིད་ཇུས་དེ་ནམ་ཡང་འགྱུར་བ་འགྲོ་མི་སྲིད་སྐོར་བརྗོད་འདུག དེ་བཞིན་ཕྱོགས་གཉིས་ཀྱིས་མཚོ་འགག་གཉིས་ཀྱི་འབྲེལ་ལམ་ཡག་པོ་ཡོང་ཆེད། ཕྱི་ལོ་༡༩༩༢ ལོར་རྒྱ་ནག་གཅིག་གི་སྲིད་ཇུས་ལ་མོས་མཐུན་བྱུང་བ་དེར་ངོས་ལེན་བྱེད་རྒྱུ་གལ་ཆེན་ཡིན་པར་མོས་མཐུན་བྱས་ཡོད་འདུག སྐབས་དེར་ཧུང་སིའུ་ཅུ་ཡིས་ད་ལྟའི་ཆར་མོའི་ཚོགས་པ་དེ་གཞུང་འཛིན་ཚོགས་པ་མིན་ཡང་། མཚོ་འགག་གཉིས་བར་ཞི་བདེ་ལྷིང་འཇགས་དང་དཔལ་འབྱོར་འཕེལ་རྒྱས་ཡོང་ཐབས་ལ་འབད་བརྩོན་བྱེད་རྒྱུ་ཡིན་སྐོར་བརྗོད་ནས། ཕྱོགས་གཉིས་བར་ཞི་བདེའི་གྲོས་དོན་ཞིག་འཇོག་ཐུབ་སྲིད་སྐོར་བརྗོད་འདུག
ལོ་འདིའི་ཟླ་༥ པའི་ནང་ཐའེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་འགོ་ཁྲིད་ཚེ་དབྱི་ཝན་ལ་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་པ་དང་། མོས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་ཡོད་མེད་ཀྱི་བརྡ་ལན་གསལ་པོ་གང་ཡང་མ་སྤྲད་པས། རྒྱ་ནག་གིས་ཐའེ་ཝན་དང་འབྲེལ་ལམ་ཚང་མ་བཀག་ཡོད་པ་རེད། ཆབ་སྲིད་དཔྱད་བརྗོད་པ་མང་པོ་ཞིག་གིས། ཐེངས་འདིིའི་ཐུག་འཕྲད་ལས་གལ་ཏེ་ཐའེ་ཝན་མི་མང་དང་ཚེ་དབྱི་ཝན་སོགས་ཀྱིས། རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་བྱས་ཚེ། རྒྱ་ནག་གིས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་བསྐྱར་གསོ་བྱ་རྒྱུའི་འདོད་པ་བསྟན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག་ཀྱང་། ཧྲང་ཧེ་སྤྱི་ཚོགས་རིག་གནས་ཀྱི་སློབ་དཔོན་ཝང་ཝེ་ནན་གྱིས། ཚེ་དབྱི་ཝན་གྱིས་གནོན་ཤུགས་འོག་རང་ཉིད་ཀྱི་བསམ་བློ་འགྱུར་བ་གཏོང་རྒྱུ་ཁག་པོ་ཡིན་སྐོར་བརྗོད་འདུག
དེ་བཞིན་ཟླ་འདིའི་ཚེས་༡ ཉིན་ཐའེ་ཝན་གྱི་རྒྱ་ནག་སྐམ་ས་ཆེན་པོའི་ལས་དོན་ཁང་དང་། སྲིད་འཛིན་ཚེ་དབྱི་ཝན་གྱི་མགྲིན་ཚབ་པས། ཐའེ་ཝན་དེ་ཉིད་རྒྱལ་སྤྱིའི་སྡིངས་ཆར་མཉམ་ཞུགས་བྱེད་ཐུབ་ཆེད་དུ། རྒྱ་ནག་སྐམ་ས་ཆེན་པོས་ཐའེ་ཝན་དེ་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་དེ་ཡིན་པར་ངོས་འཛིན་བྱེད་དགོས་སྐོར་བརྗོད་ཡོད་འདུག
གོ་མིན་ཏང་གི་སྐུ་ཚབ་རྣམས་ཟླ་འདིའི་ཚེས་༢ ནས་ཉིན་གཉིས་རིང་ལོ་རེའི་མཚོ་འགག་གཉིས་བར་གྱི་ཞི་བདེ་འཕེལ་རྒྱས་ལྷན་ཚོགས་ལ་མཉམ་ཞུགས་བྱེད་ཀྱི་ཡོད་པ་དང་། དེ་ཡང་ཕྱི་ལོ་༢༠༠༦ ནས་གོ་མིན་ཏང་དང་དམར་ཤོག་ཚོགས་པ་གཉིས་བར་ཚོགས་འདུ་དེ་འགོ་བཙུགས་ཡོད་པ་དང་། ད་བར་ཐེངས་༡༠ འཚོགས་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།