རྒྱ་ནག་གཞུང་གིས་དངོས་ཤུགས་ལྐོག་གསུམ་ནས་བོད་མི་རིགས་ཀྱི་བླ་སྲོག་ཚེ་གསུམ་གཅོད་བཞིན་པ།

མི་རིགས་ཤིག་གི་དོན་ལྔ་སྣོད་དྲུག་ན་རྣམ་ཤེས་ཀྱི་རྟེན་གྱི་བསམ་པའི་རླུང་ཁམས་དྭངས་མ་ནི་མི་རིགས་དེའི་སྲོག། དེ་གནས་པའི་ཡུན་གྱི་དུས་གསུམ་གྱི་ངོ་བོ་ནི་མི་རིགས་དེའི་ཚེ། དེ་སེམས་དང་འགྲོགས་ནས་དུས་དང་རྣམ་པ་ཀུན་ཏུ་གསོན་ཤུགས་རྒྱས་པའི་འཕོ་བ་ནི་མི་རིགས་དེའི་བླའོ། 

བོད་ནང་གི་ཛ་དྲག་གི་གནས་སྟངས་ལས་འཕྲོས་པའི་ངུ་སྐད།

མི་རིགས་ཤིག་གི་དོན་ལྔ་སྣོད་དྲུག་ན་རྣམ་ཤེས་ཀྱི་རྟེན་གྱི་བསམ་པའི་རླུང་ཁམས་དྭངས་མ་ནི་མི་རིགས་དེའི་སྲོག། དེ་གནས་པའི་ཡུན་གྱི་དུས་གསུམ་གྱི་ངོ་བོ་ནི་མི་རིགས་དེའི་ཚེ། དེ་སེམས་དང་འགྲོགས་ནས་དུས་དང་རྣམ་པ་ཀུན་ཏུ་གསོན་ཤུགས་རྒྱས་པའི་འཕོ་བ་ནི་མི་རིགས་དེའི་བླའོ།  དེ་ཡང་མི་རིགས་ཤིག་གི་ཐུན་མོང་མ་ཡིན་པའི་བླ་སྲོག་ཚེ་གསུམ་མི་རིགས་ཀྱི་ངོ་བོར་འགྱུར་མཚམས་ཀྱི་འབྱུང་རྩ་ནི་སྐད་ཡིག་ཡིན་ཞིང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དེའང་གཙོ་བོ་མི་རིགས་དེའི་སྐད་ཡིག་གིས་བསྡུས་པའི་ཤེས་བྱར་ངོས་འཛིན་པས་ན། མི་རིགས་ཀྱི་སྐད་ཡིག་ནི་མི་རིགས་ཀྱི་ངོ་བོ་དང་། དེའི་བཀོལ་སྤྱོད་ཀྱི་ཁྱབ་ཚད་ནི་སྐད་ཡིག་གི་འགན་སྲུང་གི་ཚེ་སྲོག་ཡིན་ལ། མི་རིགས་ཀྱི་ཁྱད་ཆོས་གཞན་དག་གི་རྩ་བའི་སྒུལ་ཤུགས་ཀྱང་ཡིན། སྐད་ཡིན་ནི་རིག་གནས་ཀྱི་རྩ་བ་ཡིན་ཞིང་། རིག་གནས་ནི་སྐད་ཡིག་ལ་བརྟེན་ནས་བྱུང་བ་དེའི་གནད་འགག་ལས་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཅེས་འབོད་པར་འདོད།

དེ་ལྟར་ན། སི་ཏ་ལིན་གྱིས་“མི་རིགས་ཤིག་ལོ་རྒྱུས་ཐོག་ཡུན་རིང་གནས་དགོས་ན། དེའི་སྐད་ཡིག་བཀོལ་སྤྱོད་དང་གོང་འཕེལ་གཏོང་དགོས། གལ་ཏེ་དེ་ལས་ལྡོག་ཏེ་མི་རིགས་ཤིག་རྩ་མེད་གཏོང་དགོས་ན། སྔོན་ལ་མི་རིགས་དེའི་སྐད་ཡིག་མེད་པར་བཏང་ན་ད་བཟོད་མི་རིགས་དེ་རང་ཤུགས་ཀྱིས་མེད་པར་འགྱུར་འགྲོ་”ཞེས་པ་ནི་རྒྱ་ནག་དམར་ཕྱོགས་གཞུང་གིས་རྩ་བའི་དམིགས་འབེན་ཁོ་ནའོ།

རྒྱ་ནག་གཞུང་གིས་རྒྱ་སྐད་དང་རྒྱ་ཡིག་དར་ཁྱབ་དུ་གཏོང་བཞིན་པའི་ལས་འགུལ་དེ་ནི་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་ཐབས་ཀྱི་རྩ་བའི་ དམིགས་ཡུལ་ཡིན་པར་བརྟེན། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟེར་བས་ཉེ་ཆར་དུས་རབས་གསར་པའི་ནང་རྒྱ་སྐད་དང་རྒྱ་ཡིག་ཤུགས་གནོན་དར་ཁྱབ་དུ་གཏོང་དགོས་པའི་ལས་དོན་གྱི་བསམ་ཚུལ་ཞེས་པ་བསྒྲགས་པའི་ནང་དུ། རྒྱལ་ཁབ་ཀྱི་སྤྱི་ཁྱབ་སྐད་ཡིག་སྟེ་སྐད་དང་ཡི་གེ་བརྟན་པོའི་ངང་དར་ཁྱབ་གཏོང་དགོས་ཤིང་། སྤྱི་ལོ་༢༠༢༥ལོར་སླེབས་དུས་སྤྱི་ཁྱབ་སྐད་ཡིག་སྟེ་རྒྱ་སྐད་དང་རྒྱ་ཡིག་དེ་རྒྱལ་ཡོངས་ཀྱི་མི་འབོར་བརྒྱ་ཆ་༨༥ ཡིས་བེད་སྤྱོད་གཏོང་ཐུབ་པ་བྱ་རྒྱུ་ཡིན་ཞིང་། ༢༠༣༥ སླེབས་སྐབས་སྤྱི་ཁྱབ་སྐད་ཡིག་སྟེ་རྒྱ་སྐད་དང་རྒྱ་ཡིག་དེ་མི་རིགས་ས་ཁོངས་དང་གྲོང་གསེབ་ས་ཁུལ་བཅས་ཀྱི་ནང་མངོན་གསལ་དུ་བེད་སྤྱོད་གཏོང་ཐུབ་པ་བྱ་དགོས་ཞེས་སྤེལ་ཡོད།

ཕྱི་ལོ་༢༠༢༡ ལོའི་ལོ་འགོ་ནས་བཟུང་རྒྱ་ནག་གཞུང་གིས་རྒྱ་སྐད་དང་རྒྱ་ཡིག་སློབ་ཁྲིད་ཀྱི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་། མགོ་ལོག་ཕྱོགས་ཀྱི་སེང་འབྲུག་སྟག་རྩེ་སློབ་གྲྭ་གཙོས་པའི་བོད་ནང་གི་སྒེར་གཉེར་སློབ་གྲྭ་༦ དང་། བྲག་མགོ་དགེ་ལྡན་ནང་བསྟན་སློབ་གྲྭ་སོགས་སྒོ་རྒྱག་དགོས་བྱུང་ཡོད་པ་རེད། ད་རུང་བོད་ནང་གུང་སེང་སྐབས་ཀྱི་བོད་ཀྱི་སྐད་ཡིག་ཟུར་ཁྲིད་ཟབ་སྦྱོང་འཛིན་གྲྭ་སོགས་ཀྱང་དམ་དྲག་བྱས་ཏེ། སློབ་གྲྭའི་ནང་སློབ་ཕྲུག་ཚོར་རྒྱལ་ཞེན་རིང་ལུགས་ཀྱི་བསམ་བློའི་འདུ་ཤེས་སྤྲད་ནས། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་དགོས་བའི་སློབ་གསོ་སྤྲོད་བཞིན་པ་རེད།

དེ་བཞིན་དུ་རྒྱ་ནག་རྒྱལ་ཡོངས་ནང་སློབ་གྲྭའི་གུང་གསེང་སོགས་ཀྱི་སྐབས་སུ། མི་སྒེར་དང་ཚོགས་པའི་ངོས་ནས་སློབ་ཕྲུག་ཚོར་གང་བྱུང་གསབ་སྦྱོང་ཚོགས་མི་ཆོག་པའི་བརྡ་ཁྱབ་བཏང་བ་ལྟར། ཕྱི་ཟླ་༡༠ པ་ནས་བཟུང་མཚོ་སྔོན་ཁོངས་གཏོགས་སུ་ཡོད་པའི་རྫོང་དང་གྲོང་ཁྱེར་ཁག་གི་སློབ་གྲྭ་ཁག་ནང་། ད་ལོའི་དགུན་ཁའི་གུང་གསེང་དང་སྐབས་སློབ་ཕྲུག་ཚོར་དམིགས་བསལ་བོད་ཡིག་གསབ་སྦྱོང་རིགས་ཚོགས་མི་ཆོག་པ་བཟོས་འདུག ད་ལོ་ནས་བཟུང་མཚོ་སྔོན་མངའ་འོག་གི་སློབ་ཆུང་ཚང་མའི་རྩིས་རིག་དང་མཛེས་རྩལ་སློབ་ཚན་ཚང་མ་རྒྱ་ཡིག་ལ་བསྒྱུར་འདུག་ཅིང་། ད་ལྟ་བོད་ཡིག་གཅིག་པུ་ཙམ་ལས་ལོ་རེ་བཞིན་སློབ་ཚན་ཚང་མ་རྒྱ་ཡིག་ལ་བསྒྱུར་བཞིན་ཡོད་པ་སོགས་ཀྱི་གནས་སྟངས་འོག་གསབ་སྦྱོང་འཛིན་གྲྭ་དེ་དག་བྱིས་པ་ཚོར་བོད་ཡིག་སློབ་ཁྲིད་བྱེད་སའི་གོ་སྐབས་ཡག་པོ་ཞིག་ཡིན་ཡང་། གཏན་འགོག་བྱས་པས་བློ་ཕམ་སྐྱེས་གཞི་ཞིག་ཏུ་གྱུར་འདུག བོད་ཡིག་གསབ་སྦྱོང་གཏན་ནས་ཚོགས་མི་ཆོག་པ་དང་གལ་ཏེ་ཚོགས་པ་ཡིན་ན་ཁྲིམས་ཐོག་ནས་ཉེས་ཆད་ལྕི་མོ་ཡོད་པའི་སྐོར་ཡང་བསྒྲགས་འདུག

ད་ལོའི་ཕྱི་ཟླ་༩ བའི་ནང་རྒྱ་ནག་སློབ་གསོ་ལས་ཁུངས་ཟེར་བས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ། འདི་ལོ་ནས་བཟུང་ཞི་ཅིན་ཕིན་གྱིས་རྒྱ་ནག་གི་སྐད་ཡིག་སློབ་གསོའི་ཐད་གནང་བའི་ལམ་སྟོན་དང་དགོངས་པར་སློབ་སྦྱོང་ཡང་དག་ཟེར་བ་ལག་བསྟར་ཡོང་བའི་ཆེད། གྲངས་ཉུང་མི་རིགས་ས་ཁུལ་དང་གྲོང་གསེབ་ས་ཁུལ་གྱི་བྱིས་པ་རྣམས་ལ་རྒྱ་སྐད་དང་རྒྱ་ཡིག་སློབ་ཁྲིད་ཀྱིས་ཆུང་དུས་ནས་རྒྱ་སྐད་དང་རྒྱའི་སྐད་ཡིག་གི་བག་ཆགས་ཟབ་མོ་འཇོག་ཐབས་དགོས་ཤིང་། བོད་རིགས་ས་ཁུལ་གྱི་སློབ་གྲྭ་ཁག་ནང་བོད་སྐད་དང་བོད་ཡིག་སློབ་ཁྲིད་ཇེ་ཉུང་དུ་བཏང་ཏེ་བོད་ཡིག་སློབ་ཁྲིད་བྱེད་སའི་སློབ་གྲྭ་ཁག་ཅིག་གི་སྒོ་ཡང་བརྒྱབ་བཅུག་འདུག

དེ་ལྟར་རྒྱ་ནག་གཞུང་གིས་སྔ་མོ་ནས་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པའི་གྲངས་འབོར་ལ་ཚོད་འཛིན་བྱེད་ཀྱི་ཡོད་ཀྱང་། དམིགས་བསལ་འདས་ལོའི་ཕྱི་ཟླ་༨ པའི་ནང་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ཟེར་བའི་སྟེང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཅན་དུ་བསྒྱུར་དགོས་པའི་གྲོས་གཞིར་བཟུང་སྟེ་བྱ་ཁྱུང་དགོན་དང་དྷི་ཚ་དགོན་གཉིས་ཀྱི་དགེ་འདུན་པ་བརྒྱད་ཅུ་ལྷག་དགོན་པ་ཕྱིར་ཕུད་བཏང་འདུག སྤྱིར་རྒྱ་ནག་གཞུང་གིས་ལོ་བཅོ་བརྒྱད་མ་ལོན་པའི་བྱིས་པ་ཚོ་གྲྭ་བ་བྱས་མི་ཆོག་པར་དེ་དག་ལོ་བཅོ་བརྒྱད་ལ་མ་ལོན་པར་སློབ་གྲྭར་སོང་ཏེ་རྒྱ་སྐད་དང་རྒྱ་ཡིག་སྦྱངས་ནས་སྤྱི་ཚོགས་རང་ལུགས་ཀྱི་ལྟ་བར་སློབ་སྦྱོང་བྱེད་དགོས་ཟེར། ཐ་ན་བོད་ཀྱི་དགོན་སྡེ་ཁག་གི་ནང་ཡང་ཆོས་ལུགས་ལྟ་གྲུབ་དང་སྲོལ་རྒྱུན་རྒྱ་ཡིག་གི་ཐོག་སློབ་སྦྱོང་བྱེད་དགོས་པའི་བཀའ་ཁྱབ་ཀྱང་བསྒྲགས་འདུག བོད་ས་ཡོངས་ཀྱི་དགོན་པའི་དགེ་འདུན་པ་ཚོར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་སྤེལ་ཤུགས་ཆེ་རུ་བཏང་སྟེ་གང་བྱུང་འཛིན་བཟུང་དང་། དགེ་འདུན་པ་མང་པོ་ཞིག་དགོན་པ་ནས་ཕྱིར་འབུད་བཏང་དང་གཏོང་མུས་རེད་ལ། རྒྱུན་གཏན་ཆོས་སྤྱོད་སློབ་གཉེར་གྱི་གོ་སྐབས་མེད་པར་མི་འདོད་བཞིན་དུ་རྩ་བའི་བླ་མར་སྐུར་འདེབས་བྱེད་བཅུག་པ་སོགས་ལ་བརྟེན་དགོན་པའི་ནང་དགེ་འདུན་པ་རང་ཤི་རྒྱག་དགོས་བྱུང་བའི་ཡིད་སྐྱོའི་གནས་ཚུལ་མུ་མཐུད་ཐོན་བཞིན་པ་དེས་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ནང་དྲག་ཤུགས་དང་བཙན་ཤུགས་ཀྱི་ཐོག་ནས་སློབ་གསོའི་ལས་འགུལ་སྤེལ་ཏེ་མི་སེམས་སུ་ཕོག་ཐུག་བཞག་ཅིང་ཁྱད་གསོད་ཀྱི་བསམ་བློའི་སྡུག་སྦྱོང་དང་མནར་སྤྱོད་ཚད་མེད་བཏང་དང་གཏོང་བཞིན་པ་རེད། ནང་བསྟན་རིག་པའི་རྗེས་འཇུག་པ་ཚོ་གོང་བུ་གཅིག་ཏུ་སྒྲིལ་བར་ནུས་པ་བླ་མེད་མཆིས་པའི་བོད་བརྒྱུད་ནང་བསྟན་འདི་རྩ་བ་རུལ་བའི་སྡོང་པོ་ལྟ་བུ་ཞིག་ཏུ་འགྱུར་ཐབས་ཆེད་རྒྱ་གཞུང་གིས་ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག་དང་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས་ཟེར་བ་སོགས་གཏན་འབེབས་བྱས་ཏེ། བོད་ནང་གི་དགོན་སྡེ་ཆེ་འབྲིང་ཆུང་གསུམ་དམིགས་འབེན་དུ་བཟུང་ནས་བོད་ཁམས་ཡོངས་སུ་དམ་དྲག་གི་སྲིད་བྱུས་འདྲ་མིན་ལག་བསྟར་བྱེད་ཀྱིན་པ་རེད།

རྒྱ་ནག་གཞུང་གིས་བོད་ནང་གི་རྩོམ་པ་པོ་དང་ཤེས་ཡོན་པ་དྷཱི་ལྷ་ལྡན་དང་སྒོ་ཤེར་ལགས་སོགས་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བ་ལ་སོགས་པ་བོད་ཀྱི་ཤེས་ཡོན་པ་དང་རྩོམ་པ་པོ། ལྷག་བསམ་ཅན་དང་ལ་རྒྱ་ཅན་གྱི་བོད་མི་གང་མང་ཞིག་འདི་ལྟར་ལྐུག་ནས་དམར་གསོད་བཏང་དང་གཏོང་བཞིན་པའི་སྒང་རེད།

ཕྱི་ལོ་༢༠༢༡ ཟླ་༨ ཚེས་༢༢ ནས་ཕྱི་ཟླ་༩ ཚེས་༡༤ བར་རྒྱ་ནག་གཞུང་གིས་རྫ་དབོན་པོའི་སྡེ་དགོན་གཉིས་ནས་སྔ་ཕྱིར་བོད་མི་སེར་སྐྱ་གྲངས་༡༢༡ ཙམ་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ཉིན་ལྟར་འདྲི་རྩད་ནན་པོ་བྱས་པ་དང་གཅར་རྡུང་བཏང་འདུག་ལ། རྫ་དབོན་པོ་ཁུལ་དུ་རྒྱ་ནག་གཞུང་གིས་མི་མང་ཚོགས་འདུ་བསྐོངས་ཤིང་ཚོགས་འདུ་དེར་ལོ་ན་བཅོ་བརྒྱད་ཡན་གྱི་མི་ཚང་མ་མཉམ་ཞུགས་དགོས་པའི་བཙན་བཀའ་བཏང་བ་དང་། གལ་ཏེ་ཚོགས་འདུར་མཉམ་ཞུགས་མ་བྱས་ཚེ་ཁྲིམས་ཆད་གཅད་རྒྱུ་ཡིན་པའི་འཇིགས་སྐུལ་ཡང་བྱས་ཡོད་པ་མ་ཟད། ཚོགས་ཐོག་དེར་བོད་མི་ཚོར་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་སྒྲིག་གཤོམ་བྱེད་མི་ཆོག་ཅིང་ཁ་པར་དང་བརྒྱུད་ལམ་ཁག་ནས་པར་དང་གནས་ཚུལ་རིགས་དྲིལ་བསྒྲགས་བྱེད་མི་ཆོག་པའི་ཉེན་བརྡ་ནན་པོ་བཏང་འདུག

སྐྱེ་རྒུ་མདོ་ནས་རྒྱ་ནག་ཉེན་རྟོག་པས་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་༡༠༠ འཁོར་བ་དང་། སྐྱེ་རྒུ་མདོ་རུ་ཡུལ་ཤུལ་ཁུལ་བཙུགས་ནས་ལོ་༧༠ འཁོར་བའི་དུས་དྲན་ཞེས་པ་དང་བསྟུན། མི་མང་ལ་གང་བྱུང་སྔོག་བཤེར་དང་འདྲི་རྩད་སོགས་བྱས་ཏེ་བོད་མི་འཛིན་བཟུང་བཙན་ཁྲིད་བྱས་འདུག རྒྱ་ནག་གཞུང་གི་ཉེན་རྟོག་པས་བོད་མི་ཞིག་འབྲི་ཆུའི་ནང་གཡུགས་ཏེ་བསད་ནས་བོད་མི་གཞན་ཞིག་ལ་མེ་མདའ་བརྒྱབ་སྟེ་རྨས་སྐྱོན་ཚབས་ཆེ་ཕོག་ཡོད་པའང་བྱུང་འདུག

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་བོད་མི་ཏང་ཡོན་ལས་བྱེད་པ་དང་ལས་ཡོལ་ཞུས་ཟིན་པ་རྣམས་ལ་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་ཅིང་ཆོས་ཀྱི་བྱ་བ་གང་ཡང་སྒྲུབ་མི་ཆོག་པ་བཟོས་འདུག ད་ལོའི་ལོ་འགོར་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་དོན་ཚན་དྲུག་ཅན་གྱི་ཡིག་ཆ་ཞིག་བཀྲམས་ནས་བོད་རིགས་ཏང་ཡོན་ལས་བྱེད་པ་དང་ལས་ཟུར་པ་རང་ཉིད་ཙམ་མ་ཟད། རང་གི་བཟའ་མི་བུ་ཕྲུག་རྣམས་ཀྱང་དགོན་པར་ཆོས་མཇལ་དུ་གཏོང་བའམ་ཁྱིམ་དུ་ཞབས་བརྟན་ཚོགས་པ་སོགས་ཆོས་ལུགས་ཀྱི་བྱེད་སྒོ་གང་དུའང་ཞུགས་མི་ཆོག་པ་མ་ཟད་རང་རང་གི་བཟའ་མི་བུ་ཕྲུག་རྣམས་ལ་གུང་ཁྲན་ཏང་གི་དད་སེམས་དང་དམིགས་ཡུལ། ཐོག་མའི་བསམ་འདུན་སོགས་ཀྱི་སྐོར་ལ་ངེས་པར་དུ་སློབ་སྦྱོང་སྤྲོད་དགོས་པའི་བཀོད་ཁྱབ་བཏང་བ་དང་། མར་ཁེ་སིའི་རིང་ལུགས་ཀྱི་ལྷ་མེད་སྨྲ་བ་བརྟན་པོ་ཞིག་བྱས་ཏེ་གུང་ཁྲན་ཏང་ལ་བློ་གཅིག་སེམས་གཅིག་གིས་དགའ་ཞེན་དང་ཏཱ་ལའི་བླ་མ་དང་ཁོང་གི་རྗེས་འབྲང་པ་རྣམས་ལ་མཐའ་གཅིག་ཏུ་ངོ་རྒོལ་དགོས་ཚུལ་ཡང་བཤད་འདུག

དེ་བཞིན་དུ་རྒྱ་ནག་གཞུང་གིས་རྒྱ་སྐད་དང་རྒྱ་ཡིག་དར་ཁྱབ་དུ་གཏོང་བའི་སྲིད་ཇུས་དེས་བོད་དང་བཅས་པའི་སོག་པོ། ཡུ་གུར་བ་གཙོས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་ཐད་ཀྱི་འགོག་རྐྱེན་ཁོ་ནར་དམིགས་པ་ཞིག་ཡིན་ཞིང་། གྲངས་ཉུང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས། བསམ་བློའི་འདུ་ཤེས། ཐུན་མོང་མ་ཡིན་པའི་འཚོ་བའི་གོམ་སྲོལ་དང་བཅས་པ་དངོས་ཤུགས་ལྐོག་གསུམ་ན་བཙན་གནོན་དམ་དྲག་འོག་རྩ་མེད་གཏོང་བའི་གཏིང་གི་རྒྱ་བསྒྱུར་གྱི་སྲིད་བྱུས་ནག་པོའི་དུག་རླངས་འཕྱིར་གྱིན་པ་དེའང་རེད།

བོད་ཀྱི་མི་རབས་བཞི་སྟེ་མི་ལོ་བདུན་ཅུའི་རིང་རྒྱ་མི་ས་ཡ་ཉི་ཤུ་ལྷག་བོད་ལ་སླེབས་ཏེ་བོད་ས་ཡོངས་སུ་རྐང་བཙུགས་ནས་རྒྱ་ཡུལ་ཏུ་བསྒྱུར། ལྕག་ལམ་དང་གནམ་ཐང་བཟོས་ཤིང་འཛུགས་སྐྲུན་འདྲ་མིན་བྱས་ཏེ་རྒྱ་མི་རིགས་ཀྱི་མི་སེར་སྤེལ་ཡུལ་ཆགས་ཏེ་བོད་ཀྱི་གྲོང་ཁྱེར་ཚང་མ་རྒྱ་མི་གཏན་སྡོད་ཀྱི་ས་གནས་སུ་གྱུར་འདུག བོད་ཀྱི་འཚོ་བའི་གནས་སྟངས་ནི་རྒྱ་མིའི་འཚོ་བར་བསྒྱུར། རྒྱ་སྐད་བཀོལ་སྤྱོད་མ་བྱས་ན་གསོན་པོ་གནས་མི་ཐུབ་པར་མ་ཚད་མངོན་སུམ་འཛེམས་མེད་ལ་མི་རིགས་དབྱེ་འབྱེད་ཀྱིས་བོད་མི་ཞིག་གིས་ལས་ཀའི་གླ་ཆ་རྒྱ་མི་ཞིག་ལས་དམའ་བ་སྤྲོད་པར་ལས་ཀ་པ་འཚོལ་པའི་གསལ་བསྒྲགས་ནང་དངོས་སུ་བཀོད་པ་གསར་ལམ་ནས་མཐོང་རྒྱུ་ཡོད་པ་དང་བོད་མི་ཚོར་བྱ་བ་ཡང་རེག་པའི་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་པ་དེ་རེད།

མཐར་གཏུགས་ན་རྒྱ་ནག་གཞུང་གིས་རྒྱ་སྐད་དང་རྒྱ་ཡིག་རྒྱ་བསྐྱེད་ཀྱི་སྲིད་ཇུས་དེ་བོད་ཀྱི་སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་གི་ནུས་པ་མེད་པར་གཏོང་བའི་ནུས་ཤུགས་ཉིན་རེ་ལས་ཇེ་ཆེ་དང་ཇེ་མགྱོག་ངང་བོད་སྐད་དང་བོད་ཡིག་གི་ཁོར་ཡུག་གཏན་ནས་མེད་པར་གཏོང་རྒྱུ་ཡིན་པ་གསལ་པོ་རེད། འདི་ནི་རྒྱ་ནག་གཞུང་གིས་བོད་ཀྱི་མི་རབས་བཞིའི་རིང་ལ་བཙན་འཛུལ་བྱས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས། བསམ་བློའི་འདུ་ཤེས་དང་བཅས་པར་མངོན་སུམ་འཛེམས་མེད་དུ་རྩ་མེད་བཏང་དང་གཏོང་བཞིན་པ། བོད་ཀྱི་མི་རབས་རྗེས་མ་ཚོ་མ་འོང་པར་༢༠༣༥ སླེབས་དུས་བོད་ཟེར་དུས་གང་ཡང་སྟོན་རྒྱུ་མེད་པའི་དམིགས་ཚད་ཀྱི་འཆར་གཞི་འཐེན་པ་ཞིག་ཀྱང་རེད་ལ། མི་རིགས་དང་རིག་གནས་བསམ་གཟེས་ནས་དམར་གསོད་གཏོང་ཐབས་བྱེད་བཞིན་པའང་རེད། རྒྱ་ནག་གཞུང་གིས་ནམ་རྒྱུན་ཀྲུང་ཧྭ་རིག་གནས་ཞེས་ཐ་སྙད་སྙན་མོ་བེད་སྤྱོད་བཞིན་པ་ལས་མཐར་ཐུག་གི་དམིགས་ཡུལ་ནི་ཧན་མི་རིགས་རྒྱ་སྐྱེད་ཀྱིས་བོད་མི་རིགས་གཙོའི་གྲངས་ཉུང་མི་རིགས་ཁག་རྩ་མེད་གཏོང་ཐབས་ཁོ་ན་དམིགས་པ་ལས་མ་འདས་སོ། །

དམ་ཆོས་བསམ་འཕེལ་གྱིས་ཧོ་ལན་ཌི་ནས། ༢༠༢༡། ༡༢། ༠༤

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།