རྒྱ་ནག་གཞུང་གིས་བོད་ཀྱི་པར་པ་ཞིག་འཛིན་བཟུང་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་བོད་ཀྱི་པར་པ་གྲྭ་བློ་བཟང་ཆོས་འཕེལ་ལགས་འཛིན་བཟུང་བཀག་ཉར་བྱས་ན་ཡང་། ཁོང་ཉེས་མིང་གང་གི་ཐོག་ནས་འཛིན་བཟུང་བྱས་པ་དང་། ད་ལྟ་གང་དུ་བཀག་ཉར་བྱས་ཡོད་པ་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་རྣམས་ཤེས་རྟོགས་བྱེད་མ་ཐུབ་པར་ལྷག་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་གའི་གསར་ཁང་དུ་གནས་ཚུལ་སྤྲད་པ་ལྟར་ན། རང་ལོ་ ༣༤ ལ་ཕེབས་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཆོས་འཕེལ་ལགས་ཟླ་འདིའི་འགོ་སྟོད་དུ་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག་ཀྱང་། ཁོང་ཉེས་མིང་གང་གི་ཐོག་ནས་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟ་གང་དུ་བཀག་ཉར་བྱས་ཡོད་པ། བཀག་ཉར་ཁང་དུ་མནར་གཅོད་མྱོང་གི་ཡོད་མེད་ལ་སོགས་པའི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་ཐུབ་པར་ལུས་ཡོད་འདུག
རྒྱ་ནག་གཞུང་གིས་བོད་ཀྱི་ཤེས་ཡོན་པ་དང་རྩོམ་པ་པོ། ཚོང་པ། སྒྱུ་རྩལ་བ། སྐད་ཡིག་སྲུང་སྐྱོབ་པ། ཁོར་ཡུག་ལས་འགུལ་བ་སོགས་མདོར་ན་བོད་ཀྱི་ཤེས་རིག་དང་དཔལ་འབྱོར་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ནུས་ཐོན་མཁན་གྱི་མི་སྣ་རྣམས་ཁྲིམས་མེད་ལུགས་ཀྱིས་འཛིན་བཟུང་བྱས་ཏེ་འབུར་འཇོམས་བྱེད་ཀྱི་ཡོད་པ་མ་ཟད། རྒྱུན་པར་འཛིན་བཟུང་བྱས་པའི་གནད་ཡོད་མི་སྣ་དེ་དག་“ཁ་བྲལ་རིང་ལུགས་”ཀྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་སྣ་ཚོགས་གཡོགས་ནས་ལོ་མང་བཙོན་འཇུག་ཁྲིམས་ཐག་གཅོད་པ་དང་། ཐ་ན་བཀག་ཉར་ཁང་ནས་གདུག་རྩུབ་ཀྱི་མནར་གཅོད་བཏང་ནས་བསད་པའི་གནས་ཚུལ་ཡང་རྒྱུན་དུ་འབྱུང་བཞིན་ཡོད།
ད་ལོའི་ལོ་འགོར་རྔ་པ་ནས་ཡིན་པའི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ཡང་རྒྱ་ནག་གསང་བའི་ལས་ཁུངས་ཀྱི་མི་སྣས་འཛིན་བཟུང་བྱས་པའི་རྗེས། ད་ལྟ་ཡང་ཁོང་ཅིའི་ཕྱིར་འཛིན་བཟུང་བྱས་པ་དང་། ད་ལྟ་གང་དུ་བཀག་ཉར་བྱས་ཡོད་པ་ལ་སོགས་པའི་ཞིབ་ཕྲའི་གནས་ཚུལ་རྣམས་ཤེས་རྟོགས་མ་ཐུབ་པ་ལུས་ཡོད།
གནས་ཚུལ་མཁོ་སྤྲོད་པས་སྟེར་བའི་གནས་ཚུལ་ལྟར་ན། བློ་བཟང་ཆོས་འཕེལ་ལགས་ནི་རྒྱུན་དུ་ཡུལ་ལྗོངས་སོགས་པར་དུ་ལེན་རྒྱུར་ཧ་ཅང་དགའ་པོ་ཡོད་མཁན་གྱི་པར་པ་ཞིག་ཡིན་འདུག་ཅིང་། བོད་ནང་ཁུལ་གྱི་པར་ལེན་སྒྱུ་རྩལ་འགྲན་སྡུར་ཁ་ཤས་ནང་ཞུགས་ནས་བྱ་དགའ་ཨང་དང་པོའང་ཐེངས་འགར་ཐོབ་མྱོང་ཡོད་འདུག རྒྱུན་དུ་ཁོ་རང་གི་འདྲ་པར་རྣམས་དྲ་ལམ་སོགས་སུ་བཀྲམ་སྐབས་རེ་བའི་ཟླ་འོད་ཅེས་པའི་མིང་དེ་བེད་སྤྱོད་བྱེད་ཀྱི་ཡོད་འདུག
ཁོང་རྔ་སྲིབ་ཀ་ཉག་སྡེ་བ་ནས་ཡིན་འདུག་ཅིང་། ཕའི་མིང་ལ་རིག་ཁོ། (ཚེ་འདས།) མའི་མིང་ལ་ཚེ་རིང་སྐྱིད་ཟེར་བ་དང་། སྤུན་བཞི་ཡོད་པའི་གསུམ་པ་དེ་ཡིན་འདུག ཁོང་ཆུང་ཆུང་སྐབས་ནས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་ཡོད་འདུག་ཅིང་། དེང་སྐབས་དགོན་པ་གཞུང་གི་གློག་ཀླད་སྡེ་ཚན་གྱི་ལས་བྱེད་ཅིག་གི་འགན་བཞེས་ཀྱི་ཡོད་འདུག
དགེ་འདུན་པ་ཁོང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་ད་ཐེངས་འདི་ཐོག་མ་ཡིན་པར་དེ་སྔོན་ཕྱི་ལོ་ ༢༠༠༨ ལོར་ལྷ་ས་ནས་དང་། དེ་ནས་ཕྱི་ལོ་ ༢༠༡༡ ལོར་རྔ་བ་ནས་སོ་སོར་འཛིན་བཟུང་གིས་ཟླ་བ་བཞི་ལྷག་རེ་བཀག་ཉར་འོག་ཏུ་བཞུགས་མྱོང་ཡོད་འདུག
གཞན་ཡང་། གནས་ཚུལ་མཁོ་སྤྲོད་པ་ཁོང་གིས་ཟླ་འདིའི་ཚེས་ཤར་ཙམ་ལ་རྔ་བ་ཀིརྟི་དགོན་པའི་གྲྭ་པ་གཞན་འགའ་རེ་ཡང་རྒྱ་ནག་འཛིན་བཟུང་བྱས་ཡོད་རུང་། དེ་དག་གི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མེད་ཚུལ་བརྗོད་བྱུང་། །
གསར་འགོད་པ་དཀོན་མཆོག་རབ་བརྟན།