རྒྱ་ནག་གཞུང་གིས་བོད་དོན་ཁྲིམས་འཆར་གསར་པར་དགག་བྱ་བྱས་འདུག

 ཨ་རིའི་གྲོས་ཚོགས་ནང་བོད་དོན་ཁྲིམས་འཆར་གསར་པ་ཞིག་གཏན་འབེབས་ཡོང་ཐབས་བྱེད་བཞིན་ཡོད་པས། རྒྱ་ནག་གཞུང་གིས་བོད་དོན་བེད་སྤྱད་ནས་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་བྱུས་བྱེད་རྒྱུ་མཚམས་འཇོག་བྱེེད་དགོས་པ་དང་། བྱེད་སྟངས་དེས་བོད་རང་བཙན་འཐབ་རྩོད་པ་ཁ་བྲལ་རིང་ལུགས་པར་བརྡ་ལན་ནོར་བ་སྤྲོད་ཀྱི་ཡོད་སྐོར་བརྗོད་འདུག

 ཨ་རིའི་གྲོས་ཚོགས་ནང་བོད་དོན་ཁྲིམས་འཆར་གསར་པ་ཞིག་གཏན་འབེབས་ཡོང་ཐབས་བྱེད་བཞིན་ཡོད་པས། རྒྱ་ནག་གཞུང་གིས་བོད་དོན་བེད་སྤྱད་ནས་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་བྱུས་བྱེད་རྒྱུ་མཚམས་འཇོག་བྱེེད་དགོས་པ་དང་། བྱེད་སྟངས་དེས་བོད་རང་བཙན་འཐབ་རྩོད་པ་ཁ་བྲལ་རིང་ལུགས་པར་བརྡ་ལན་ནོར་བ་སྤྲོད་ཀྱི་ཡོད་སྐོར་བརྗོད་འདུག 

ཟླ་༩ པའི་ཚེས་༡༩ ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཤིན་ཧ་གསར་ཁང་གིས་གནས་ཚུལ་སྤེལ་གསལ། ཉིན་དེར་རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས། རྒྱ་ནག་གིས་ཨ་རི་ལ་བོད་དང་འབྲེལ་བའི་ཁྲིམས་འཆར་དེའི་ཐད་ལས་དོན་འགྲོ་རྒྱུ་མཚམས་འཇོག་དགོས་པའི་རེ་སྐུལ་ཞུ་རྒྱུ་དང་། བོད་དང་འབྲེལ་བའི་གནད་དོན་རྣམས་བེད་སྤྱད་ནས་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་བྱུས་བྱེད་རྒྱུ་མཚམས་འཇོག་དགོས་པ། ཁྲིམས་འཆར་དེས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་འབྲེལ་ལམ་གྱི་ལམ་ལུགས་ལ་རྩིས་མེད་གཏོང་གི་ཡོད་པ་མ་ཟད། རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་བྱུས་ཚབས་ཆེན་བྱས་ནས། བོད་རང་བཙན་རྩོད་མཁན་ཁ་བྲལ་རིང་ལུགས་པ་ཚོར་བརྡ་ལན་ནོར་བ་སྤྲོད་ཀྱི་ཡོད་པས། བྱེད་སྟངས་དེར་མཐའ་གཅིག་ཏུ་དགག་བྱ་བྱེད་ཀྱི་ཡོད་པ། བོད་དོན་དེ་ནི་རྒྱ་ནག་གི་ནང་སྲིད་གནད་དོན་གཙང་མ་ཞིག་ཡིན་པས། ཕྱིའི་རྒྱལ་ཁབ་ཁག་གིས་ཐེ་བྱུས་བྱེད་དུ་འཇུག་གི་མེད་པས། ཨ་རིས་བོད་དང་འབྲེལ་བའི་གནད་དོན་གྱི་གལ་གནད་ངོས་འཛིན་གྱིས། རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་བྱུས་བྱེད་རྒྱུ་མཚམས་འཇོག་བྱེད་པའི་རེ་སྐུལ་བྱེད་ཀྱི་ཡོད་ཅེས་བསྒྲགས་འདུག 

དེ་ཡང་ཟླ་༩ པའི་ཚེས་༡༣ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ། མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཇེམ་མེག་གྷོ་ཝན་གྱིས། བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་༢༠༡༩ ཞེས་པ་ཁྲིམས་འཆར་བཏོན་ཡོད་པ་དང་། ཁྲིམས་འཆར་དེ་ནི་ཕྱི་ལོ་༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་པའི་བོད་དོན་སྲིད་བྱུས་ཁྲིམས་བསྐྱར་བཅོས་བྱེད་ཆེད་ཅིག་ཡིན་འདུག དེའི་ནང་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་གཙོས་པའི་བླ་སྤྲུལ་ཁག་གི་ཡང་སྲིད་ལ་ཐེ་བྱུས་བྱེད་མི་ཆོག་པ་དང་། གལ་ཏེ་དེ་ལྟར་བྱས་ཚེ་འབྲེལ་ཡོད་དཔོན་རིགས་རྣམས་ཨ་རིར་ཡོང་མི་ཆོག་པ་སོགས་ཀྱི་ཉེས་ཆད་གཏོང་དགོས་པ། དེ་བཞིན་རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༧གོང་ས་མཆོག་དང་ཁོང་གི་སྐུ་ཚབ། ཡང་ན་བོད་མིའི་སྒྲིག་འཛུགས་དང་ཞི་མོལ་བྱེད་དགོས་པ། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་གཅིག་འཛུགས་པའི་ཆོག་མཆན་མ་སྤྲད་བར་དུ། ཨ་རིའི་ནང་རྒྱ་ནག་གི་གཞུང་ཚབ་དང་ལས་དོན་ཁང་གསར་པ་འཛུགས་པའི་ཆོག་མཆན་སྤྲོད་མི་ཆོག་པ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་། བོད་ཀྱི་ཆོས་རིག་དང་མང་གཙོ་སོགས་ལ་རྒྱབ་སྐྱོར་བྱེད་དགོས་ཀྱི་ཡོད་པ་སོགས་ཀྱི་དོན་ཚན་འཁོད་འདུག ཁྲིམས་དེ་ནི་ཨ་རིའི་སྲིད་དོན་ཚོགས་པ་ཆེ་ཤོས་གཉིས་ཀྱི་གྲོས་ཚོགས་འཐུས་མི་ཡོད་འདུག་པ་དང་། ད་ལྟའི་ཆར་རྒྱབ་སྐྱོར་བྱེད་མཁན་གྲོས་ཚོགས་འཐུས་མི་༧ ཡོད་འདུག འབྱུང་འགྱུར་གྱི་བདུན་ཕྲག་ནང་ཁྲིམས་འཆར་དེ་གྲོས་ཚོགས་གོང་མའི་ནང་དུ་ཡང་འདོན་རྒྱུ་ཡིན་འདུག

ཁྲིམས་འཆར་འདོན་མཁན་གྲོས་ཚོགས་འཐུས་མི་ཇེམ་མེག་གྷོ་ཝན་གྱིས། ཁྲིམས་དེས་ཨ་རིས་བོད་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། མིང་དོན་མཚུངས་པའི་རང་སྐྱོང་སོགས་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག 

ཨ་རི་དང་རྒྱ་ནག་གཉིས་བར་ཚོང་དམག་དང་བདེ་སྲུང་གནད་དོན་སོགས་ཀྱི་ཐད་ལ་འགལ་ཟླ་བྱུང་བཞིན་པ་དང་བསྟུན། རྒྱ་ནག་ལ་ཁ་གཏད་ཀྱིས་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་ཁྲིམས་ཤིག་ཨ་རིའི་གྲོས་ཚོགས་ནང་གཏན་འབེབས་བྱས་ཡོད་ཁར། ཧོང་ཀོང་གི་མང་གཙོ་ལ་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཞིག་གི་ལས་དོན་འགྲོ་བཞིན་ཡོད་པ་རེད། དེ་བཞིན་ལོ་སྔོན་མར་བོད་ནང་ཕར་འགྲོ་ཚུར་འོང་གི་འདྲ་མཉམ་ཐོབ་ཐང་གི་ཁྲིམས་ཞིག་གཏན་འབེབས་བྱུང་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།