རྒྱ་ནག་གཞུང་གིས་མུ་མཐུད་ཁམས་བྲག་མགོ་རུ་ལྷ་སྐུ་གཏོར་བཤིག་དང་མི་མང་འཛིན་བཟུང་བྱེད་བཞིན་ཡོད་འདུག
ཉེ་ཆར་རྒྱ་ནག་གཞུང་གིས་སྔོན་མ་རིག་གནས་གསར་བརྗེ་ལྟ་བུའི་ལས་འགུལ་འོག་ནས་ཁམས་བྲག་མགོ་རུ་ཐུབ་དབང་སྐུ་བརྙན་དང་། རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན། མ་ཎི་དུང་འཁོར་བཞི་བཅུ་ཞེ་ལྔ། སློབ་གྲྭ་བཅས་གཏོར་བཤིག་བཏང་ཡོད་པ་མ་ཟད། ཁྲིམས་མེད་ལུགས་ཀྱིས་བོད་མི་བཅུ་གྲངས་ཤིག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག
ཕྱི་ཟླ་༡ པའི་ཚེས་༡༢ བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་དྲ་བ་དང་བརྒྱུད་ལམ་ལ་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པར་བརྟེན། ད་ལྟའི་ཆར་འཛིན་བཟུང་འོག་ཏུ་ཡོད་པའི་མི་མང་པོ་ཞིག་གི་མིང་དང་གནས་སྟངས་གང་ཡིན་གསལ་པོ་ཆགས་མེད་ན་ཡང་། བྲག་མགོ་དགོན་པའི་མཁན་པོ་དཔའ་དགའ་དང་། ཕྱག་མཛོད་ཉི་མ། གྲྭ་བསྟན་འཛིན་ཉི་མ། གྲྭ་བཀྲ་ཤིས་རྡོ་རྗེ། དེ་བཞིན་སྐུ་བརྙན་གྱི་རྡོ་བརྐོས་པ་ལྷ་མོ་གཡང་སྐྱབས་དང་། ནོར་པ་ཚེ་རིང་བསམ་གྲུབ་བཅས་འཛིན་བཟུང་འོག་ཏུ་ཚུད་ཡོད་འདུག་པ་མ་ཟད། བསྟན་འཛིན་ཉི་མ་ལ་རྣམ་འགྱུར་ཡག་པོ་མེད་ཚུལ་བརྗོད་དེ་རྡུང་རྡེག་མནར་གཅོད་ཆེན་པོ་བཏང་ཡོད་པའི་གནས་ཚུལ་འདུག
རྒྱ་ནག་གཞུང་གིས་ཟླ་སྔོན་མར་རྒྱ་སྒོར་ཁྲི་༤༠༠༠ ཙམ་བཏང་ནས་བཞེངས་པའི་སྟོན་པའི་སྐུ་བརྙན་དེ་གཏོར་བཤིག་བཏང་བའི་ཁར། ཉེ་ཆར་བྲག་འགོ་དགོན་པའི་རྭ་བའི་ནང་ཡོད་པའི་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་ཕི་ཀྲི་༣༠ ཅན་ཞིག་ཡོད་པ་དེ་ཡང་གཏོར་བཤིག་བཏང་ནས་བོད་མིའི་ཆོས་དད་དང་། རིག་གཞུང་ལ་བསམ་བརྗོད་ལས་འདས་པའི་ཕོག་ཐུག་བཏང་ཡོད་འདུག
ཁམས་བྲག་མགོའི་སྐུ་བརྙན་གཏོར་སྐྱོན་དང་། མི་མང་འཛིན་བཟུང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་ཐད་ལ། ཕྱི་ཟླ་༡ ཚེས་༡༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ཀྱིས་“ཉེ་ཆར་རྒྱ་ནག་གཞུང་གིས་ཁམས་བྲག་མགོ་རུ་ཐུབ་དབང་སྐུ་བརྙན་དང་། རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན། མ་ཎི་དུང་འཁོར་བཞི་བཅུ་ཞེ་ལྔ། སློབ་གྲྭ་བཅས་གཏོར་བཤིག་བཏང་བ་དང་། དེ་བཞིན་བོད་མི་རྣམས་འཛིན་བཟུང་བཀག་ཉར་བྱས་པ་དེ་ནི་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་། སྲོལ་རྒྱུན། ངོ་བོ་བཅས་ལ་སྡང་ཟུག་བྱས་པ་སྟོན་གྱི་ཡོད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལའང་རྩིས་མེད་རྡོག་རོལ་བཏང་ཡོད། རྒྱ་ནག་གཞུང་གིས་བོད་ནང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་བོད་མིའི་སྒྲིག་འཛུགས་ནས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཡོད་”ཅེས་བརྗོད་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།