རྒྱ་ནག་གཞུང་གིས་མུ་མཐུད་རྫ་དབོན་པོར་དྲག་གནོན་དང་མི་མང་འཛིན་བཟུང་བྱེད་བཞིན་ཡོད་འདུག

རྒྱ་ནག་གཞུང་གིས་རྫ་དབོན་པོ་སྡེ་དགོན་གཉིས་ལ་ཁྲིམས་མེད་ལུགས་མེད་དང་། ཚད་ལས་འདས་པའི་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་གནས་སྟངས་འོག་ནས། སླར་ཡང་དགེ་འདུན་པ་༦ དང་བུད་མེད་གཉིས་འཛིན་བཟུང་བྱས་ཡོད་འདུག 

རྒྱ་ནག་གཞུང་གིས་རྫ་དབོན་པོ་སྡེ་དགོན་གཉིས་ལ་ཁྲིམས་མེད་ལུགས་མེད་དང་། ཚད་ལས་འདས་པའི་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་གནས་སྟངས་འོག་ནས། སླར་ཡང་དགེ་འདུན་པ་༦ དང་བུད་མེད་གཉིས་འཛིན་བཟུང་བྱས་ཡོད་འདུག 

དེ་རིང་ཞོགས་པར་ས་གནས་རང་གི་གནས་ཚུལ་ལ་རྒྱུས་མངའ་ཡོད་པའི་མི་སྣ་ཞིག་གིས་འདི་གའི་གསར་ཁང་དུ་སྤྲད་པའི་གནས་ཚུལ་ལྟར་ན། ཕྱི་ཟླ་༩ ཚེས་༣ ཉིན་རྒྱ་ནག་གི་ཉེན་རྟོག་པས་རྫ་དབོན་པོ་ནས་དགེ་འདུན་པ་༦ དང་བུད་མེད་༢ འཛིན་བཟུང་བྱས་ཏེ་སེལ་ཤུལ་རྫོང་དུ་ཁྲིད་ཡོད་འདུག 

གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་བྱས་པ་ལྟར་ན། “དགེ་འདུན་པ་དྲུག་པོ་དེ་རྫ་སྨད་སྲིད་གཞུང་ནས་བཀའ་བཏང་ནས་[འཛིན་བཟུང་བྱས་པ་དང་།] དེའི་རྗེས་ལ་དགེ་འདུན་པ་རེ་རེ་ལ་ཉེན་རྟོག་པ་དང་དམག་མི་ལྔ་རེ་དྲུག་རེས་རོགས་པ་བྱས་ནས་དགེ་འདུན་པ་གཅིག་དང་གཅིག་བྱས་ཏེ་སོ་སོའི་བཞུགས་ཤག་ལ་ཁྲིད་དེ་བཞུགས་ཤག་ནང་ཐམས་ཅད་སྔོག་བཤེར་བཏང་བ་དང་། མཐར་སེལ་ཤུལ་རྫོང་དུ་ཁྲིད་”ཡོད་འདུག་ལ། དེ་བཞིན་བུད་མེད་གཉིས་ཀྱང་འཛིན་བཟུང་བྱས་ཏེ་སེལ་ཤུལ་རྫོང་དུ་ཁྲིད་ཡོད་འདུག 

གནས་ཚུལ་མཁོ་སྤྲོད་པས་“དགག་བྱ་དང་དགོས་པའི་དབང་གིས་”འཛིན་བཟུང་བྱས་པའི་མི་སྣ་དེ་དག་གི་མཚན་ཕྱིར་བསྒྲགས་བྱེད་རྒྱུ་མིན་ཞེས་བཤད་བྱུང་ན་ཡང་། དེ་དག་གི་ཁྲོད་དུ་རྫ་དབོན་པོའི་ས་གནས་མང་ཚོགས་ལ་དང་བླང་གིས་བོད་ཡིག་སློབ་ཁྲིད་བྱེད་མཁན་གྱི་ཚོགས་པ་སྟེ། “ཕ་སྐད་སྲུང་སྐྱོབ་ཚོགས་པ།”ཞེས་པའི་“ཚོགས་མི་དང་སྐབས་དེ་དུས་ལས་ཀ་བྱེད་མཁན་མང་པོ་ཞིག་ཡོད་ས་རེད་”ཅེས་བརྗོད་བྱུང་། 

རྒྱ་ནག་གཞུང་གིས་ཟླ་༨ པའི་ཚེས་༢༢ དང་༢༣ ལ་རྫ་དབོན་པོ་སྡེ་དགོན་གཉིས་ལ་དམག་མི་རླངས་འཁོར་མང་པོ་བཏང་ནས་སྔོག་བཤེར་བྱས་རྗེས།  ༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་དང་། ཉར་ཚགས་བྱས་པའི་ཉེས་མིང་འོག་ནས་དགེ་འདུན་པ་༡༩ དང་། མི་སྐྱ་༤༠ ཙམ་འཛིན་བཟུང་གིས་སེར་ཤུལ་རྫོང་དུ་ཁྲིད་ཡོད་པ་མ་ཟད། ཚེས་༢༥ ནས་ ༢༩ བར་དུ་རྫ་དབོན་པོ་སྡེ་པའི་ཁྱིམ་ཚང་རེ་རེ་དང་མི་སྒེར་གྱི་ཁ་པར་ལ་སྔོག་བཤེར་ནན་པོ་བྱས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་པར་ཉར་ཚགས་བྱས་པ་དང་། ཕྱི་ལོག་གི་མི་ལ་འབྲེལ་འདྲིས་བྱས་པའི་ཉེས་མིང་འོག་ནས་བསྐྱར་དུ་བོད་མི་༥༣ ཙམ་འཛིན་བཟུང་བྱས་པས། རྫ་དབོན་ནས་ཁྱོན་སྡོམ་སེར་སྐྱ་བརྒྱ་ལྷག་འཛིན་བཟུང་དང་བཀག་ཉར་བྱས། 

གནས་ཚུལ་མཁོ་སྤྲོད་པ་ཁོང་གིས་“ད་ལྟའི་ཆ་ལ་མི་དེ་དག་ཕྱིར་གློད་གྲོལ་བཏང་བའི་གནས་ཚུལ་གང་ཡང་གོ་རྒྱུ་མི་འདུག་”ཅེས་བརྗོད་བྱུང་ལ། འཛིན་བཟུང་བྱས་པའི་མི་དེ་དག་གི་གནས་སྟངས་ག་འདྲ་ཡིན་མིན་དང་། རྒྱ་ནག་གཞུང་གིས་དེ་དག་ལ་ཉེས་ཆད་ཅི་འདྲ་ཞིག་གཅོད་སྲིད་པའི་གནས་ཚུལ་ཤེས་རྟོགས་མ་ཐུབ་པར་ལྷག་འདུག

རྒྱ་ནག་གཞུང་གིས་བོད་ཡུལ་རྒྱ་ཡུལ་དང་། བོད་མི་རྒྱ་མི། བོད་ཀྱི་རིག་གཞུང་རྒྱའི་རིག་གཞུང་དུ་བསྒྱུར་ནས་བོད་ཡོངས་སུ་རྩ་མེད་བཟོ་རྒྱུའི་དམིགས་ཡུལ་འབའ་ཞིག་བཅངས་ཏེ། བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་ནག་རང་གི་རྩ་ཁྲིམས་དང་འགལ་བའི་གྲངས་ཉུང་མི་རིགས་རྩ་མེད་བཟོ་བའི་དྲག་གནོན་དང་གདུག་རྩུབ་ཀྱི་སྲིད་བྱུས་ཁོ་ན་ལག་བསྟར་བྱེད་ཀྱི་ཡོད་པ་ལས། བོད་ཀྱི་གནད་དོན་སེལ་འདོད་ཡོད་པའི་རྣམ་འགྱུར་སྤུ་རྩེ་ཙམ་ཡང་སྟོན་གྱི་མེད་པ་རེད།། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།