རྒྱ་ནག་གཞུང་གིས་རྫ་དབོན་པོ་ནས་སེར་སྐྱ་ ༦༠ ཡས་མས་ཤིག་འཛིན་བཟུང་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་རྫ་དབོན་པོའི་སྡེ་དགོན་གཉིས་ལ་དམག་མི་འབོར་ཆེན་བཏང་ནས་༧གོང་ས་མཆོག་གི་སྐུ་པར་སྔོག་བཤེར་བྱས་རྗེས། ༧རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་བཤམས་པ་དང་། ཕྱི་ལོག་ཏུ་ཡོད་པའི་བོད་མི་རྣམས་ལ་འབྲེལ་བ་བྱས་པའི་ཉེས་མིང་འོག་ནས་དགེ་འདུན་པ་༡༩ དང། མི་སྐྱ་༤༠ མ་ཟིན་ཙམ་བཅས་ཁྱོན་སེར་སྐྱ་༦༠ ཡས་མས་ཤིག་འཛིན་བཟུང་བྱས་ཏེ་སེར་ཤུལ་རྫོང་དུ་ཁྲིད་ཡོད་འདུག
རྒྱ་ནག་གཞུང་གིས་རྫ་དབོན་པོའི་སྡེ་དགོན་གཉིས་ལ་དམག་མི་འབོར་ཆེན་བཏང་ནས་༧གོང་ས་མཆོག་གི་སྐུ་པར་སྔོག་བཤེར་བྱས་རྗེས། ༧རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་བཤམས་པ་དང་། ཕྱི་ལོག་ཏུ་ཡོད་པའི་བོད་མི་རྣམས་ལ་འབྲེལ་བ་བྱས་པའི་ཉེས་མིང་འོག་ནས་དགེ་འདུན་པ་༡༩ དང། མི་སྐྱ་༤༠ མ་ཟིན་ཙམ་བཅས་ཁྱོན་སེར་སྐྱ་༦༠ ཡས་མས་ཤིག་འཛིན་བཟུང་བྱས་ཏེ་སེར་ཤུལ་རྫོང་དུ་ཁྲིད་ཡོད་འདུག
ས་གནས་ས་ཐོག་ལ་འབྲེལ་བ་དང་རྒྱུས་མངའ་ལྡན་པའི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་གའི་གསར་ཁང་དུ་གནས་ཚུལ་བརྒྱུད་སྤྲོད་བྱུང་བ་ལྟར་ན། རྒྱ་ནག་གཞུང་གིས་ཟླ་འདིའི་ཚེས་༢༢ དང་༢༣ ལ་རྫ་དབོན་པོ་སྡེ་དགོན་གཉིས་ལ་དམག་མི་རླངས་འཁོར་མང་པོ་བཏང་ནས་སྔོག་བཤེར་བྱས་རྗེས། ༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་དང་། ཉར་ཚགས་བྱས་པའི་ཉེས་མིང་འོག་ནས་དགེ་འདུན་པ་༡༩ དང་། མི་སྐྱ་༤༠ ཙམ་འཛིན་བཟུང་གྱིས་སེར་ཤུལ་རྫོང་དུ་ཁྲིད་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་འཛིན་བཟུང་བྱས་པའི་སེར་སྐྱ་དེ་དག་གི་ཁྲོད་དུ་“མི་གཅིག་དང་གཉིས་ལ་རླངས་འཁོར་སྐོར་ཆོག་མིན་དང་། འཕྲུལ་རྟ་སྐོར་ཆོག་མིན་གྱི་གནས་ཚུལ་རེ་ཟུང་ཡོད་ན་ཡང་། མང་ཆེ་བ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་བཤམ་ཆོག་མིན་གྱི་གནས་ཚུལ་དང་། སྐུ་པར་ཉར་བ་དང་འབྲེལ་བ་ཡོད་པ་རེད་འདུག་”ཅེས་འགྲེལ་བརྗོད་བྱས་བྱུང་།
ཐེངས་འདིར་འཛིན་བཟུང་བྱས་པའི་དགེ་འདུན་པ་ཚོའི་ཁྲོད་དུ། བློ་ལྡན་ཆུང་ལམ་དང་དཔལ་སྐྱབས། བསྟན་འཛིན་བློ་གསལ། པད་རྡོ། བློ་ཤེར། ཆོས་མཆོག དགའ་ལྡན། ཤེས་རབ། འཇམ་དཔལ། རྡ་ལོ། གཅོད་པ། བསོད་ནམས་དགའ་ལགས། རྟ་མགྲིན་ནོར་བུ་སོགས་ཡོད་འདུག
དེ་མིན་ད་དུང་གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཚེས་༢༥ ཉིན་རྫ་དབོན་པོ་ཁུལ་དུ་རྒྱ་ནག་གཞུང་གིས་ཚོགས་འདུ་ཆེན་པོ་ཞིག་བསྐོངས་ཏེ་དེར་ལོ་བཅུ་དགུ་ཡན་གྱི་“མི་གཅིག་ཀྱང་མ་ལུས་པ་ཡོང་དགོས་”པའི་བཙན་བཀའ་བཏང་བ་དང་། གལ་ཏེ་མ་ཡོང་བ་ཡིན་ན་ཁྲིམས་ཆད་གཅད་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་འདུག
ཚོགས་ཆེན་དེའི་ཐོག རྒྱ་ནག་གཞུང་གི་ལས་བྱེད་ཚོས་བོད་མི་རྣམས་ལ་༧གོང་ས་མཆོག་གི་སྐུ་པར་ཉར་བཤམ་མི་ཆོག་པ་དང་། བརྒྱུད་ལམ་ཁག་ཏུ་པར་དང་གནས་ཚུལ་འདྲ་མིན་སྤེལ་མི་ཆོག་པའི་བཙན་བཀའ་ནན་པོ་བཏང་བ་མ་ཟད། དངོས་སུ་རྫ་དབོན་པོ་ཁུལ་གྱི་གྲོང་ཚོ་དང་པོའི་ཡུལ་མི་རྣམས་ཀྱི་ཁྱིམ་དང་ཁ་པར་སོགས་ལ་སྔོག་གཤེར་བྱེད་འགོ་བརྩམས་ཟིན་ཡོད་འདུག
ཕྱི་ལོ་༢༠༡༩ ཟླ་༡༡ ཚེས་༧ ཉིན་རྫ་དབོན་པོ་ཡུལ་ཚོ་ལ་“བོད་རང་བཙན་“གྱི་སྦྱར་ཡིག་མང་པོ་གཏོར་བའི་གནས་ཚུལ་བྱུང་རྗེས། དབོན་པོ་དགོན་གྱི་དགེ་འདུན་པ་ལྔ་དང་མི་སྐྱ་གཉིས་སྔ་གཞུག་ཏུ་འཛིན་བཟུང་བྱས་ཏེ་ཁ་ཅིག་ལ་ལོ་གཅིག་ནས་ལྔ་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མ་ཟད། སྐབས་དེར་འཛིན་བཟུང་བྱས་པའི་དགེ་འདུན་པ་བསྟན་འཛིན་ཉི་མར་བཙོན་ཁང་དུ་མནར་གཅོད་ཚད་མེད་བཏང་བའི་རྐྱེན་གྱིས་འདི་ལོའི་ཕྱི་ཟླ་༡ པོའི་སྨད་དུ་འདས་གྲོངས་སུ་ཕྱིན་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།