རྒྱ་ནག་གཞུང་གིས་ཨ་རིའི་ལག་རྩེད་སྤོ་ལོའི་འགྲན་སྡུར་བརྙན་འཕྲིན་ཐོག་ཏུ་བསྐྱར་དུ་སྟོན་འགོ་བཙུགས་འདུག 

རྒྱལ་སྤྱིའི་ནང་དགའ་མོས་ཆེན་པོ་བྱེད་ཡུལ་གྱི་ཨ་རིའི་རྒྱལ་ཡོངས་ལག་རྩེད་སྤོ་ལོའི་འགྲན་སྡུར་དེ་རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་ཐོག་ཏུ་སྟོན་རྒྱུ་བཀག་འགོག་བྱས་ཏེ། ཟླ་བ་༡༨ ལྷག་སོང་རྗེས། བསྐྱར་དུ་སྟོན་འགོ་བཙུགས་འདུག་པ་དང་། དེ་ལ་བརྟེན་ནས་ཨ་རིའི་རྒྱལ་ཡོངས་ལག་རྩེད་སྤོ་ལོའི་ལྷན་ཚོགས་ལ་ཨ་སྒོར་ས་ཡ་བརྒྱ་ཕྲག་མང་པོ་ཡོང་འབབ་ཐོབ་རྒྱུའི་གོ་སྐབས་ཡོད་པ་རེད་འདུག 

ཟླ་༤ པའི་ཚེས་༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་ཟླ་༣ པའི་ཚེས་༢༩ ཉིན་ཨ་རིའི་རྒྱལ་ཡོངས་ལག་རྩེད་སྤོ་ལོའི་རྩེད་འགྲན་ཞིག་རྒྱ་ནག་གི་གཞུང་འབྲེལ་དབུས་བརྙན་འཕྲིན་ལས་ཁང་གིས་བསྟན་འདུག་པ་དང་། དེའི་སྐོར་གནས་ཚུལ་ཐོག་མར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གོ་ལའི་དུས་བབ་ཀྱིས་སྤེལ་ཡོད་ཁར། ཨ་རིའི་རྒྱལ་ཡོངས་ལག་རྩེད་སྤོ་ལོའི་ལྷན་ཚོགས་ཀྱིས་གནས་ཚུལ་དངོས་གནས་ཡིན་པ་ར་སྤྲོད་བྱས་ཡོད་འདུག 

དེ་ཡང་ཕྱི་ལོ་༢༠༡༩ ལོར་ཨ་རིའི་རྒྱལ་ཡོངས་ལག་རྩེད་སྤོ་ལོའི་འགྲན་སྡུར་ནང་གི་རུ་ཁག་གཅིག་གི་སྤྱི་ཁྱབ་འགན་འཛིན་ཌེར་མཱོ་རཱི་ཡིས་སྤྱི་ཚོགས་དྲ་ལམ་ཊེའུ་ཊར་ཐོག་ཏུ། ཧོང་ཀོང་གི་མང་གཙོ་ལས་འགུལ་བ་ཚོའི་འབོད་ཚིག་ཡོད་པའི་པར་ཞིག་བཞག་ནས་འཛམ་གླིང་མི་མང་ཚོས་ཧོང་ཀོང་ལ་རྒྱབ་སྐྱོར་བྱེད་པའི་སྐུལ་མ་བྱས་ཡོད་པ་རེད། གནས་ཚུལ་དེ་དང་བསྟུན་ནས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་སྤྱི་ཁྱབ་འགན་འཛིན་དེས་རྒྱ་ནག་ལ་དགོངས་སེལ་ཞུས་ཡོད་པ་རེད། དེ་བཞིན་ཐོག་མར་ཨ་རིའི་རྒྱལ་ཡོངས་ལག་རྩེད་སྤོ་ལོའི་ལྷན་ཚོགས་ཀྱིས་སྤྱི་ཁྱབ་འགན་འཛིན་ཁོང་ལ་རྒྱབ་སྐྱོར་གྱི་རྣམ་པ་བསྟན་མེད་པས། ཨ་རིའི་མི་མང་དང་སྲིད་དོན་མི་སྣ་ཁག་གིས་སྐྱོན་བརྗོད་དྲག་པོ་བྱས་པར་བརྟེན། ལྷན་ཚོགས་ཀྱིས་ཕྱིར་བཤིག་བརྒྱབ་ནས་སྤྱི་ཁྱབ་འགན་འཛིན་ཁོང་གི་སྨྲ་བརྗོད་རང་དབང་ལ་རྒྱབ་སྐྱོར་གྱི་སྐད་ཆ་བཤད་ཡོད་པ་རེད། གནས་ཚུལ་དེ་དག་ལ་བརྟེན་ནས་རྒྱ་ནག་གཞུང་གིས་གཞུང་འབྲེལ་བརྙན་འཕྲིན་བརྒྱུད་ལམ་ཐོག་ཏུ་ཨ་རིའི་རྒྱལ་ཡོངས་ལག་རྩེད་སྤོ་ལོའི་རྩེད་འགྲན་སྟོན་རྒྱུ་བཀག་འགོག་བྱས་ཏེ། ལྷན་ཚོགས་དེར་ཨ་སྒོར་ས་ཡ་བརྒྱ་ཕྲག་མང་པོ་གྱོང་གུད་བྱུང་ཡོད་པ་རེད་འདུག 

གནད་དོན་དེ་དང་འབྲེལ་ནས་ཨ་རིའི་ནང་རྒྱ་ནག་གི་བྱ་སྤྱོད་དང་། བོད་དང་ཧོང་ཀོང་། ཡུ་གུར་སོགས་ཀྱི་གནད་དོན་ལ་དྲིལ་བསྒྲགས་ཆེན་པོ་བྱུང་ཡོད་ཁར། ལས་འགུལ་བ་ཚོས་ཨ་རིའི་ནང་གི་རྩེད་འགྲན་སྐབས་སུ་ཞི་བའི་ལས་འགུལ་སྤེལ་བ་ཡང་མང་པོ་བྱུང་ཡོད་པ་རེད། དེ་བཞིན་ཉེ་ཆར་ལག་རྩེད་སྤོ་ལོའི་རྩེད་མོ་བ་ཀན་ཌར་གྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་། བོད་དང་ཧོང་ཀོང་། ཡུ་གུར་སོགས་ལ་རྒྱབ་སྐྱོར་ཆེན་པོ་བྱས་ཡོད་པ་རེད། རྗེས་སུ་ཁོང་རུ་ཁག་གཅིག་གིས་ཀྱང་རྩེད་འགྲན་བྱེད་པའི་གོ་སྐབས་སྤྲད་མེད་པས། ད་ལྟའི་ཆར་ལག་རྩེད་སྤོ་ལོའི་མདུན་ལམ་མེད་པ་ཆགས་ཡོད་པ་རེད། ཁག་ཅིག་གིས་དེ་ནི་རྒྱ་ནག་གི་གནོན་ཤུགས་ཡིན་པར་ངོས་འཛིན་དང་། ཁོང་གི་མདུན་ལམ་མེད་པ་ཆགས་ནས་ཟླ་བ་གཅིག་རྗེས་རྒྱ་ནག་ནང་དུ་རྩེད་འགྲན་སྟོན་འགོ་བཙུགས་པ་དེའི་རྒྱབ་ལྗོངས་ལ་ཡང་དོགས་འདྲི་བྱེད་མཁན་ཡོད་པ་རེད། 

ཨ་རིའི་རྒྱལ་ཡོངས་ལག་རྩེད་སྤོ་ལོའི་ལྷན་ཚོགས་ཀྱི་ཕྱིའི་རྒྱལ་ཁབ་ཁག་གི་ཁྲོམ་ར་ཆེ་ཤོས་ནི་རྒྱ་ནག་ཡིན་འདུག་པ་དང་། རྒྱ་ནག་ནང་དུ་ལག་རྩེད་སྤོ་ལོ་ལ་དགའ་མོས་བྱེད་མཁན་མི་མང་ས་ཡ་མང་པོ་ཡོད་པས། རྩེད་འགྲན་ལ་བལྟ་མཁན་མང་པོ་ཡོད་ཁར། དེ་འབྲེལ་གྱི་གྱོན་ཆས་དང་ལྷམ་སོགས་ཉོ་མཁན་ཡང་ས་ཡ་མང་པོ་ཡོད་པས། དཔལ་འབྱོར་ཐོག་ནས་ཤིན་ཏུ་གལ་ཆེན་ཡིན་འདུག 

རྒྱ་ནག་གཞུང་གིས་ཟླ་བ་༡༨ ལྷག་གི་རྗེས་སུ་ཨ་རིའི་རྒྱལ་ཡོངས་ལག་རྩེད་ལྷན་ཚོགས་དང་འབྲེལ་ལམ་བསྐྱར་འཛུགས་བྱེད་དགོས་པའི་རྒྱུ་མཚན་གསལ་བཤད་གང་ཡང་བྱས་མེད་འདུག འོན་ཀྱང་དཔྱད་བརྗོད་པ་ཁག་ཅིག་གིས་དེའི་རྒྱུ་མཚན་ནི་ད་ལྟའི་ཆར་ཡུག་ཀེ་རན་གི་དམག་འཁྲུག་དང་འབྲེལ་ནས། རྒྱ་ནག་གིས་ཨུ་རུ་སུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་། ཨ་རི་དང་ཚོང་འབྲེལ་མུ་མཐུད་བྱེད་འདོད་ཡོད་པའི་བརྡ་ལན་སྤྲོད་ཆེད་ཡིན་སྐོར་བརྗོད་བཞིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།