རྒྱ་ནག་གཞུང་གིས་བྱིས་པ་རྣམས་བདུན་ཕྲག་གཅིག་ལ་ཆུ་ཚོད་གསུམ་མ་གཏོགས་དྲ་ཐོག་རྩེད་མོ་རྩེ་མི་ཆོག་པའི་སྒྲིག་ལམ་གསར་པ་བཞག་འདུག

རྒྱ་ནག་གཞུང་གིས་དྲ་བའི་ཚོང་ལས་དང་བརྡ་འཕྲིན་འཕྲུལ་ཆས་ཀྱི་སྡེ་ཚན་ལ་དམ་དྲག་དང་དྲག་གནོན་ཤུགས་ཆེན་བྱེད་བཞིན་པའི་སྐབས་འདིར། ལོ་ན་ ༡༨ མན་གྱི་བྱིས་པ་རྣམས་བདུན་ཕྲག་རེར་ཆུ་ཚོད་གསུམ་རེ་མ་གཏོགས་དྲ་ཐོག་རྩེད་མོ་རྩེ་མི་ཆོག་པའི་སྒྲིག་ལམ་གསར་པ་བཞག་འདུག
རྒྱ་ནག་གཞུང་གིས་ཁ་སང་རེས་གཟའ་ཟླ་བའི་ཉིན་བཏང་བའི་བརྡ་ཁྱབ་ནང་། ཕྱི་ཟླ་ ༩ པའི་ཚེས་ ༡ ནས་བཟུང་སྟེ་བྱིས་པ་རྣམས་གཟའ་པ་སངས་དང་། གཟའ་མཇུག་གི་དགོང་མོའི་ཆུ་ཚོད་ ༨ པ་ནས་ ༩ པ་བར་དང་། དེ་མིན་གཞུང་འབྲེལ་གུང་གསེང་སྐབས་སུ་མ་གཏོགས་དྲ་ཐོག་རྩེད་མོ་རྩེ་མི་ཆོག་པའི་སྒྲིག་ལམ་གསར་པ་ཞིག་བཞག་ཡོད་འདུག
ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གཞུང་གིས་བྱིས་པ་རྣམས་ཉིན་རེར་ཆུ་ཚོད་གཅིག་དང་ཕྱེད་ཀ་དང་། གཞུང་འབྲེལ་གུང་གསེང་སྐབས་སུ་ཆུ་ཚོད་གསུམ་རེ་ལས་རྩེ་མི་ཆོག་པ་བཟོས་ཡོད་པ་དང་། ཐེངས་འདིའི་སྒྲིག་ལམ་གསར་པའི་འོག བྱིས་པ་རྣམས་བདུན་ཕྲག་ཅིག་ལ་ཆུ་ཚོད་གསུམ་ལས་རྩེ་མི་ཆོག་པ་བཟོས་ཡོད་འདུག
ཨེ་ཕོབ་ཁི་དུས་བབ་གསར་ཁང་(the Epoch Times)གིས་སྒྲིག་ལམ་གསར་པ་དེ་ནི་“པེ་ཅིང་གཞུང་གིས་སྤྱི་ཚོགས་དང་། ཤེས་ཡོན་སློབ་གསོ་དང་། བརྡ་འཕྲིན་འཕྲུལ་ཆས། དཔལ་འབྱོར། རྒྱུ་ནོར་ལ་སོགས་པའི་གལ་ཆེའི་སྡེ་ཚན་རྣམས་དབང་དུ་བསྡུ་བའི་གོམ་སྟབས་ཆེན་པོ་ཞིག་ཡིན་”པའི་འགྲེལ་བརྗོད་བྱས་འདུག
རྒྱའི་ཕ་མ་མང་པོ་ཞིག་གིས་སྒྲིག་ལམ་གསར་པ་དེར་དགའ་བསུ་བྱེད་སྲིད་ན་ཡང་། འགའ་ཤས་ཀྱིས་ཝེ་བྷོ་དྲ་བའི་(Weibo)ཐོག་ནས་ཀྱང་གཞུང་གི་ཐེ་བྱུས་དེ་“རང་སྣང་གང་དྲན་”དང་། “རྒྱུ་མཚན་མེད་པའི་”སྐྱོན་བརྗོད་བྱས་ཡོད་འདུག་ལ། ཟུར་ཟའི་མཆན་གཅིག་གི་ནང་དུ། “ད་ནི་ཁྱོད་ཚོས་ང་ག་དུས་གསང་སྤྱོད་དུ་འགྲོ་དགོས་པ་དང་། ཁ་ཟས་ཟ་དགོས་པ། ཉལ་དགོས་པ་བཅས་ཀྱི་སྒྲིག་ལམ་ཞིག་བཟོས་ན་”ཞེས་བྲིས་ཡོད་འདུག
སྒྲིག་ལམ་གསར་པ་དེས་རྒྱ་ནག་གི་བརྡ་འཕྲིན་འཕྲུལ་ཆས་བཟོ་ཚོང་ཁང་རྣམས་ལ་གྱོང་གུན་ཆེན་པོ་ཕོག་ཡོད་འདུག་ཅིང། ལྷག་པར་དུ་རྒྱ་ནག་གི་བརྡ་འཕྲིན་འཕྲུལ་ཆས་བཟོ་ཚོང་ཁང་ཆེ་ཤོས་འགའ་སྟེ། ཋ་སན་ཋ་(Tencent)དང་། ནེ་ཋེ་ཨི་སི་(NetEase)སོགས་ལ་ཨ་སྒོར་ཐེར་འབུམ་མང་པོའི་གྱོང་གུན་འཕོག་གི་ཡོད་འདུག
ཞི་ཅིན་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་གི་ཆབ་སྲིད་ཙམ་མ་ཟད། དཔལ་འབྱོར་དང་། ཤེས་ཡོན་སློབ་གསོ། བརྡ་འཕྲིན་འཕྲུལ་ཆས་ཀྱིས་གཙོས་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་ཡོངས་ལ་སྟངས་འཛིན་དང་། དྲག་གནོན་ཆེ་རུ་བཏང་ནས་བཙིར་བཞིན་ཡོད་པས། རྒྱ་ནག་ཉམས་ཞིབ་བྱེད་མཁན་ཚོས་ཞི་ཅིན་ཕིང་གིས་རྒྱ་ནག་དང་དམར་ཤོག་ཚོགས་པའི་ཕུགས་ཀྱི་སྲ་བརྟན་ལ་གནོན་སྐྱོན་ཚབས་ཆེན་བཟོ་བཞིན་ཡོད་ཚུལ་བརྗོད་ཀྱི་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།