རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་ལ་སྐྱོན་བརྗོད་བྱས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས། ཡུ་རོབ་ལི་ཐུ་ཝི་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་བྱས་པའི་གསར་འགོད་ལྷན་ཚོགས་ཐོག་ཏུ་གསུང་བཤད་གནང་བར། ཁུལ་དེའི་རྒྱ་ནག་གཞུང་ཚབ་ཁང་གིས་ཁོང་ལ་སྐྱོན་བརྗོད་དང་། དེ་བཞིན་རྒྱལ་ཁབ་དེས་རྒྱ་ནག་ཁ་བྲལ་གཏོང་བའི་བོད་རང་བཙན་ལས་འགུལ་ལ་རྒྱབ་སྐྱོར་བྱས་ཚེ། ཕྱོགས་གཉིས་བར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་ངེས་ཡིན་པའི་ཉེན་བརྡ་ཡང་བཏང་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས། ཡུ་རོབ་ལི་ཐུ་ཝི་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་བྱས་པའི་གསར་འགོད་ལྷན་ཚོགས་ཐོག་ཏུ་གསུང་བཤད་གནང་བར། ཁུལ་དེའི་རྒྱ་ནག་གཞུང་ཚབ་ཁང་གིས་ཁོང་ལ་སྐྱོན་བརྗོད་དང་། དེ་བཞིན་རྒྱལ་ཁབ་དེས་རྒྱ་ནག་ཁ་བྲལ་གཏོང་བའི་བོད་རང་བཙན་ལས་འགུལ་ལ་རྒྱབ་སྐྱོར་བྱས་ཚེ། ཕྱོགས་གཉིས་བར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་ངེས་ཡིན་པའི་ཉེན་བརྡ་ཡང་བཏང་ཡོད་འདུག

གསར་འགོད་ལྷན་ཚོགས་སྐབས།

དེ་ཡང་ཟླ་༥ པའི་ཚེས་༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ཡུ་རོབ་ཀྱི་རྒྱལ་ཁབ་ལི་ཐུ་ཝི་ནི་ཡའི་རྒྱལ་ས་ཝིལ་ནཱི་སིར། རྒྱལ་ཁབ་དེའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ནང་། ཡུལ་དེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་བྱས་པའི་གསར་འགོད་ལྷན་ཚོགས་ཐོག་ཏུ་མཉམ་ཞུགས་ཀྱིས། དེ་སྔ་བྷལ་ཊིག་མངའ་ཁུལ་གྱི་ཨི་སི་ཊོ་ནི་ཡ་དང་། ལ་ཏི་ཝི་ཡ། ལི་ཐུ་ཝེ་ནི་ཡ་བཅས་རྒྱལ་ཁབ་གསུམ་གྱིས་ཨུ་རུ་སུ་དམར་པོའི་དབང་སྒྱུར་འོག་དཀའ་སྡུག་ཇི་འདྲ་ཞིག་མྱངས་པ་དེ་དང་། དེང་སྐབས་བོད་ནང་གི་བོད་མི་ཚོས་རྒྱ་ནག་དམར་པོའི་དབང་སྒྱུར་འོག་དཀའ་སྡུག་དེ་མཚུངས་མྱོང་བཞིན་ཡོད་པ་གསལ་བཤད་གནང་བའི་ཐོག  རྒྱལ་སྤྱིའི་སྤྱི་ཚོགས་སྤྱི་དང་ལྷག་པར་ལི་ཐུ་ཝེ་ནི་ཡུལ་གྱིས་བོད་དོན་ཐོག་རྒྱབ་སྐྱོར་གང་ཐུབ་གནང་དགོས་པའི་འབོད་སྐུལ་གནང་དོན།  “གལ་ཏེ་ཁྱེད་རང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། མང་གཙོ་བཅས་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ཚེ་བོད་དོན་ཐོག་ངེས་པར་དུ་རྒྱབ་སྐྱོར་གནང་དགོས་”ཞེས་གསུངས་ཡོད་འདུག

དེ་བཞིན་ཝིལ་ན་སི་སྲིད་བྱུས་ཉམས་ཞིབ་ཁང་གིས་མགྲོན་འབོད་ལྟར། “བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་གཞི་རྩར་བཟུང་ནས་ཡུ་རོབ་ཐོག་རྒྱ་ནག་གི་ཆབ་སྲིད་ལངས་ཕྱོགས་ལ་དཔྱད་པ། ” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་ཁར། རླུང་འཕྲིན་ཁང་ཞིག་གི་བཅར་འདྲིར་དང་ལེན་གནང་ཡོད་འདུག

ཟླ་༥ པའི་ཚེས་༧ ཉིན་རྒྱལ་ཁབ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ།  གསར་འགོད་ལྷན་ཚོགས་དེ་དང་དེའི་ཐོག་བློ་བཟང་སེང་གེ་སྐད་བཏང་བར་ངོ་རྒོལ་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་། དེ་ནི་ཆབ་སྲིད་ཀྱི་ལས་འགུལ་ཚབས་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། བློ་བཟང་སེང་གེ་ནི་ཨ་རིའི་མི་སེར་ཡིན་ཞིང་། བོད་ནང་བསྡད་མྱོང་མེད་ལ། བོད་དོན་སྐོར་སྐད་ཆ་ཤོད་རྒྱུའི་འོས་ཆོས་ཚང་མེད་པ་མ་ཟད།  རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ལ་གང་བྱུང་འགྲེལ་བཤད་རྒྱག་རྒྱུའི་ཐོབ་ཐང་དེ་བས་མེད།  གསར་འགོད་ལྷན་ཚོགས་ཐོག་སྐད་ཆ་ཤོད་མཁན་ཚོས་བོད་ནང་འདས་པའི་ལོ་ངོ་བཅུ་ཕྲག་རིང་འཛུགས་སྐྲུན་ཡར་རྒྱས་ཤུགས་ཆེ་བཏང་ཡོད་པ་དེ་དག་ལ་ངོས་འཛིན་རྩ་བ་ནས་མ་བྱས་པར་བོད་མིའི་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་ཐོག་ཡར་རྒྱས་ཇི་ཙམ་བཏང་བའི་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་དངོས་ཡོད་གནས་ཚུལ་རྣམས་སྣང་མེད་བྱས་འདུག བློ་བཟང་སེང་གེའི་སྐད་ཆ་ཡོངས་རྫོགས་རྫུན་མ་རེད་འདུག  དོན་དངོས་ཐོག་བོད་ནང་དེང་སྐབས་ཡར་རྒྱས་ཕུན་སུམ་ཚོགས་པའི་ངང་གནས་ཡོད། བོད་མིའི་གནའ་བོའི་རིག་གནས་ཤུལ་བཞག་དང་། ཁོར་ཡུག་བཅས་ལ་གཅེས་སྤྲས་ཡག་པོ་བྱེད་ཀྱི་ཡོད། བོད་ཀྱི་རིག་གཞུང་ལ་སྲུང་སྐྱོབ་ཡག་པོ་བྱེད་བཞིན་ཡོད་ཅེས་བརྗོད་ནས། དེ་བཞིན་ལྷན་ཚོགས་ཐོག་སྐད་ཆ་བཤད་མཁན་གསུམ་( A. Navickas, V. Vidunas, V. Landsbergis) མིང་འདོན་བྱས་ཏེ། ཁོང་ཚོའི་སྐད་ཚ་ཚང་མ་རྒྱ་ནག་གཞུང་དང་བོད་མི་ཚུད་པའི་རྒྱ་ནག་མི་མང་ཚང་མར། འཁོན་འཛིན་དང་ཕྱོགས་ལྷུང་གི་སྐད་ཆས་འཁེངས་འདུག་པས། དེ་དག་ནི་ངོས་ལེན་བྱེད་ཐབས་བྲལ་བ་ཡིན་སྐོར་བརྗོད་འདུག

དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནི་དུས་རྟག་ཏུ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད།  ལོ་རྒྱུས་ཐོག་ནས་ཀྱང་ལི་ཐུ་ཝི་ནི་ཡ་ཡུལ་འདི་དང་བོད་དབར་འདྲ་མཚུངས་གང་ཡང་མེད། བོད་ཀྱི་གནད་དོན་ནི་རྒྱ་ནག་གི་བདག་དབང་དང་། མངའ་ཁོངས་ཆིག་སྒྲིལ། རྒྱ་ནག་གིས་སེམས་ཁུར་བྱེད་ཡུལ་གྱི་གནད་དོན་གཙོ་བོ་དང་འབྲེལ་བ་ཡོད་པས། བོད་མི་ཁ་བྲལ་བ་ཚོར་སྡིངས་ཆ་སྤྲད་ནས་རྒྱ་ནག་ཁ་བྲལ་གཏོང་རྒྱུའི་ལས་གཞི་སྤེལ་བ་དང་།  སྡིངས་ཆ་སྐྲུན་མཁན་སྤྱི་སྒེར་སུ་ཡིན་རུང་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་དང་། རྒྱ་ནག་གཞུང་གིས་ལི་ཐུ་ཝི་ནི་ཡ་གཞུང་གིས་རྒྱུན་རིང་ཐོག་རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་པའི་དམ་བཅའ་དང་། རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསམ་ཤེས་ཡོད་པར་བརྩི་མཐོང་བྱེད་ཀྱི་ཡོད། རྒྱ་ནག་དང་ཁ་བྲལ་གྱི་བོད་རང་བཙན་ལ་རྒྱབ་སྐྱོར་གྱི་ལས་གཞི་གང་འདྲ་ཞིག་སྤེལ་ཚེ་ཕྱོགས་གཉིས་བར་གྱི་འབྲེལ་བར་དོ་ཕོག་འགྲོ་ངེས་པ་རེད། ལི་ཐུ་ཝི་ནི་ཡ་མི་མང་གིས་བོད་ཀྱི་གནད་དོན་ཐོག་དངོས་ཡོད་གནས་སྟངས་ཐོག་ལྟ་ཞིབ་བྱས་ཏེ། གནས་ཚུལ་རྫུན་མས་མགོ་སྐོར་མི་ཐེབས་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།