རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཚོ་ཕན་ཚུན་གྱི་རྒྱབ་རྩར་ལངས་འདུག
རྒྱ་ནག་གཞུང་འབྲེལ་བརྒྱུད་གཅིག་གི་ཡན་ལག་ལས་ཁུངས་སུ་གཏོར་རྒོལ་བྱུང་རྐྱེན། གཞུང་འབྲེལ་བརྒྱུད་ལམ་ཁག་གིས་ཧོང་ཀོང་གི་མང་གཙོ་ལས་འགུལ་བ་ཚོར། སྟངས་འཛིན་བྱེད་པར་ཐབས་ལམ་བཙན་དུ་གཏོང་དགོས་པ་དང་། ནག་ཚོགས་ཞེས་མིང་འབོད་བྱས་ནས་ཉེས་ཆད་གཏོང་དགོས་སྐོར་བརྗོད་དེ་ཕན་ཚུན་གྱི་རྒྱབ་རྩར་ལངས་འདུག
རྒྱ་ནག་གཞུང་འབྲེལ་བརྒྱུད་གཅིག་གི་ཡན་ལག་ལས་ཁུངས་སུ་གཏོར་རྒོལ་བྱུང་རྐྱེན། གཞུང་འབྲེལ་བརྒྱུད་ལམ་ཁག་གིས་ཧོང་ཀོང་གི་མང་གཙོ་ལས་འགུལ་བ་ཚོར། སྟངས་འཛིན་བྱེད་པར་ཐབས་ལམ་བཙན་དུ་གཏོང་དགོས་པ་དང་། ནག་ཚོགས་ཞེས་མིང་འབོད་བྱས་ནས་ཉེས་ཆད་གཏོང་དགོས་སྐོར་བརྗོད་དེ་ཕན་ཚུན་གྱི་རྒྱབ་རྩར་ལངས་འདུག
ཟླ་༡༡ པའི་ཚེས་༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཧོང་ཀོང་ནང་དུ་གཟའ་མཇུག་གི་མང་གཙོའི་ལས་འགུལ་སྤེལ་བཞིན་པའི་སྐབས་སུ། ཟླ་༡༡ པའི་ཚེས་༢ ཉིན་ཏེ་རེས་གཟའ་སྤེན་པའི་ཉིན། ལས་འགུལ་བ་ཁག་ཅིག་གིས་ཧོང་ཀོང་ཏུ་ཡོད་པའི་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཤིན་ཧ་གསར་ཁང་གི་ཡན་ལག་ལས་ཁང་ལ་གཏོར་རྒོལ་བྱས་ཏེ། སྒེའུ་ཁུང་མང་པོ་ཞིག་བཅག་ཡོད་འདུག་པས། ཟླ་༡༡ པའི་ཚེས་༤ ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཉིན་རེའི་རྒྱ་ནག་ཅེས་པ་དེའི་ཐོག་གི་རྩོམ་སྒྲིག་པའི་གཏམ་དུ། ཧོང་ཀོང་ནང་དུ་དྲག་སྤྱོད་ཚབས་ཆེ་རུ་འགྲོ་བཞིན་པ་དེར་སྟངས་འཛིན་གྱི་ཐབས་ལམ་ཡང་བཙན་དུ་གཏོང་རྒྱུ་དགོས་ངེས་ཆགས་ཡོད་པ་དང་། ངོ་རྒོལ་བ་ཚོས་མཛའ་མཐུན་གྱི་ས་གནས་དང་ནུབ་ཕྱོགས་གསར་འགྱུར་བརྒྱུད་ལམ་ཚོར་ངོ་དགའ་སྤྲེལ་ལད་བྱེད་པ་དང་། ངོ་རྒོལ་ལས་འགུལ་དེའི་དྲང་བདེན་གྱི་གནས་ཚུལ་སྤེལ་ཐབས་བྱེད་མཁན་ཚོའི་སྨྲ་བརྗོད་བཀག་འགོག་ཡོང་ཐབས་བྱེད་ཀྱི་ཡོད་པ། འོན་ཀྱང་ལས་འགུལ་བ་ཚོའི་དྲག་སྤྱོད་དེ་ཁྲིམས་དང་ཐུག་ནས་ཕམ་རྒྱུ་ཡིན་སྐོར་བྲིས་ཡོད་འདུག
དེ་བཞིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གོ་ལའི་དུས་བབ་ཐོག ཟླ་༡༡ པའི་ཚེས་༣ ཉིན་གྱི་རྩོམ་སྒྲིག་པའི་གཏམ་ནང་དུ། ཤིན་ཧ་གསར་ཁང་གི་ཡན་ལག་ལས་ཁང་དུ་གཏོར་རྒོལ་བྱེད་མཁན་གྱི་ནག་ཚོགས་རུ་ཁག་རྣམས། ཧོང་ཀོང་གི་ཉེན་རྟོག་པས་གང་མགྱོགས་ཉེས་ཆད་གཏོང་དགོས་སྐོར་བརྗོད་ཡོད་འདུག
ཧོང་ཀོང་ནང་མང་གཙོའི་ལས་འགུལ་ཐོག་མར་འགོ་འཛུགས་བྱས་སྐབས། རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་དེའི་སྐོར་གང་ཡང་མཐོང་རྒྱུ་མེད་ཀྱང་། ཟླ་༦ པའི་ཚེས་༡༢ ཉིན་ནས་འགོ་འཛུགས་ཀྱིས་ལས་འགུལ་བ་ཚོས་ཧོང་ཀོང་གི་གྲོས་ཚོགས་ནང་དུ་འཛུལ་ནས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པའི་གནས་ཚུལ་རྣམས། རིམ་བཞིན་རྒྱ་ནག་སྐམ་ས་ཆེན་མོའི་དྲ་ལམ་དང་བརྙན་འཕྲིན་ཁག་གི་ཐོག་ཏུ་ཁྱབ་སྤེལ་བཏང་འདུག་པ་དང་། ཐོག་མར་ལས་འགུལ་བ་རྣམས་ནི་དྲག་སྤྱོད་མི་ཚོགས་ཡིན་ཁར། གནས་སྟངས་ཚབས་ཆེ་རུ་གཏོང་མཁན་ནི་ཁོ་ཚོ་ཡིན་པའི་གནས་ཚུལ་སྤེལ་གྱི་ཡོད་འདུག རྗེས་སུ་ཧོང་ཀོང་ནང་གི་ངོ་རྒོལ་ལས་འགུལ་ནང་ཨ་རི་དང་རྒྱལ་སྤྱིའི་རྒྱལ་ཁབ་གཞན་ཚོས་ཐེ་བྱུས་བྱས་ཏེ། རྒྱ་ནག་ལ་གནོད་སྐྱེལ་ཆེད་བཀོལ་སྤྱོད་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ་འདུག དེ་ནས་ངོ་རྒོལ་ལས་འགུལ་མུ་མཐུད་སྤེལ་ཡོད་པ་དང་བསྟུན། ལས་འགུལ་བ་རྣམས་ཉེས་ཅན་པ་དང་ཁ་བྲལ་རིང་ལུགས་པ་ཡིན་པ་དང་། ཁོ་ཚོས་ཧོང་ཀོང་གི་མང་གཙོ་དང་ཉེན་རྟོག་པའི་དྲག་སྤྱོད་ལ་ཞིབ་འཇུག་དགོས་པའི་དགོས་འདུན་བཏོན་པའི་སྐོར་གང་ཡང་མ་བཤད་པར། དེ་དག་གི་ཧོང་ཀོང་གི་རང་བཙན་རྩོད་ཀྱི་ཡོད་པའི་གནས་ཚུལ་སྤེལ་ཡོད་འདུག དེ་ཡང་རྒྱ་ནག་གཞུང་གིས་སྐམ་ས་ཆེན་མོའི་ནང་ཕྱོགས་གཅིག་གི་དྲང་བདེན་མ་ཡིན་པའི་གནས་ཚུལ་ཁོ་ན་སྤེལ་ནས་བསྡད་ཁར། ཧོང་ཀོང་གཞུང་དང་ཉེན་རྟོག་པའི་ཐག་གཅོད་དང་བྱ་སྤྱོད་ལ་རྒྱབ་སྐྱོར་ཡོད་པའི་བསྒྲགས་གཏམ་སྤེལ་ཡོད་པ་རེད། དེ་བཞིན་ཟླ་༨ པའི་ནང་ཧོང་ཀངོ་དང་མཱ་ཁའོ་ལས་དོན་མགྲིན་ཚབ་པས། ཧོང་ཀོང་གི་མཁྲེགས་འཛིན་ཅན་གྱི་ལས་འགུལ་བ་ཚོས། ཡང་ནས་ཡང་དུ་ཉེན་རྟོག་པར་ཉེན་ཁ་ཤིན་ཏུ་ཆེ་བའི་ལག་ཆ་བེད་སྤྱད་ནས་དྲག་རྒོལ་བྱས་ཡོད་པ་དང་། ཁོ་ཚོས་ཁྲིམས་འགལ་གྱི་ཚབས་ཆེན་དྲག་སྤྱོད་སྤེལ་ཡོད་པ་དང་བསྟུན། འཇིགས་སྐུལ་རིང་ལུགས་པའི་རྣམ་པ་སྟོན་འགོ་བཙུགས་ཡོད་པས། དེ་ནི་ཧོང་ཀོང་གི་གཞི་རྩའི་ཁྲིམས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་རྩིས་མེད་བཏང་བ་ཡིན་པ། དེ་ལ་བརྟེན་ནས་ཧོང་ཀོང་མི་སེར་རྣམས་ཀྱི་བདེ་འཇགས་དང་ཚེ་སྲོག་ལ་ཉེན་ཁ་བཟོ་ཡི་ཡོད་པ་བརྗོད་ཡོད་པས། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་འཇིགས་སྐུལ་རིང་ལུགས་པའི་སྐད་ཆ་དེ་བེད་སྤྱད་ནས། ངོ་རྒོལ་ལས་འགུལ་བ་ཚོས་ཉེན་རྟོག་པ་གསོད་ཐབས་བྱས་ཡོད་པ་དང་། དེ་དག་ལ་འཇིགས་སྐུལ་རིང་ལུགས་པ་རྣམ་པ་ཡོད་པ་གསལ་པོ་ཡིན་པས། གཞུང་གིས་དྲག་གནོན་དགོས་སྐོར་གྱི་གནས་ཚུལ་སྤེལ་ཡོད་པ་སོགས། དྲང་བདེན་མེད་པའི་གནས་ཚུལ་བསྟུད་མར་སྤེལ་ནས་རྒྱ་ནག་སྐམ་ས་ཆེན་མོའི་མི་མང་ཚོར་རྫུན་བཤད་དང་འཁྱོག་བཤད་བྱེད་ནས། རྒྱལ་ཞེན་སློང་ནས་ཧོང་ཀོང་ལས་འགུལ་བ་ཚོར་སྡང་སེམས་བསྐྲུན་ཐབས་བྱེད་བཞིན་འདུག
དེ་བཞིན་ཐེངས་འདིར་གཟའ་མཇུག་གི་ལས་འགུལ་སྐབས་སུ། རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་དང་རྒྱ་ནག་སྐམ་ས་ཆེན་མོའི་སྐད་རྒྱག་མཁན་ཞིག་གིས། ལས་འགུལ་བ་ཁག་ཅིག་ལ་གྲི་བརྒྱབ་ཡོད་ཁར། གཅིག་གིས་ཁོ་བཀག་འགོག་བྱས་སྐབས་རྣ་བར་སོ་བརྒྱབ་ནས་དབྲལ་ཡོད་པའི་གནས་ཚུལ་གང་ཡང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་བཀོད་མེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།