རྒྱ་ནག་གི་ཁྲིམས་ཁང་ཞིག་གིས་ཐའེ་ཝན་གྱི་མི་སེར་ཞིག་ལ་ལོ་དགུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
རྒྱ་ནག་དང་ཐའེ་ཝན་གཉིས་བར་མངའ་ཁུལ་བདག་དབང་གིས་རྐྱེན་པས་རྩོད་རྙོག་རྣོ་ངར་ཅན་ཞིག་ཡོང་གི་ཡོད་པར་བརྟེན། རྒྱ་ནག་ནང་ཡོད་པའི་ཐའེ་ཝན་གྱི་སྲིད་དོན་པ་ཞིག་ལ་རྒྱ་གཞུང་གིས་ཁ་ཕྲལ་རིང་ལུགས་པ་ཡིན་ཚུལ་བརྗོད་ནས་འཛིན་བཟུང་བྱས་ཏེ་ལོ་དགུའི་རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
ཕྱི་ཚེས་༧ ཉིན་ལྷོ་རྒྱ་ནག་གི་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ནང་ཡོད་པའི་(Zhejiang)ཀྲེ་ཅང་ཞིང་ཆེན་གྱི་མཚོ་འགྲམ་ཝེན་ཀྲོས་(Wenzhou)གྲོང་ཁྱེར་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཐའེ་ཝན་གྱི་མི་སེར་ཡིན་པའི་ཡང་ཁྲི་ཡན་(Yang Chih-yuan)ཟེར་བ་ཞིག་ལ། ཕྱི་ཟླ་༨ པའི་ཚེས་༢༦ ཉིན་ལོ་དགུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་ཀྱང་། ཉེ་ཆར་གཟའ་པ་སངས་བར་གསལ་བསྒྲགས་བྱས་ཡོད་མི་འདུག ཁོང་ཐོག་མར་ཕྱི་ལོ་༢༠༢༣ གྱི་ཕྱི་ཟླ་༤ པའི་ནང་བཀག་ཉར་བྱས་ཡོད་འདུག་པ་དང་། རྒྱ་ནག་གཞུང་འབྲེལ་རང་ནས་མི་དེ་འཛིན་བཟུང་བྱས་ནས་ཟླ་བ་༨ ཀྱི་རྗེས་སུ་ཁྲིམས་ཐག་བཅད་ཡོད་པར་བརྗོད། མི་དེ་བཀག་ཉར་བྱེད་དགོས་དོན་གཙོ་བོ་ནི་ཁོང་སྲིད་དོན་གྱི་ལས་འགུལ་བ་ཞིག་ཡིན་པ་དང་། རྒྱ་ནག་ཐའེ་ཝན་ལས་དོན་ལྷན་ཚོགས་ཟེར་བ་དེས། མི་དེ་ནི་ཐའེ་ཝན་གྱི་རང་བཙན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་ཞིག་ཡིན་པ་དང་། ཐའེ་ཝན་གྱི་རང་བཙན་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱབ་སྐྱོར་རག་ཐབས་ཆེད་དུ་འབད་རྩོན་བྱེད་མྱོང་ཡོད་ཅིང་། དམིགས་བསལ་འཛམ་གླིང་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཐའེ་ཝན་འཇུག་ཐབས་ཆེད་དུ་ལས་དོན་མང་པོ་བསྒྲུབས་མྱོང་ཡོད་པར་བརྗོད།
རྒྱ་ནག་གི་(Xinhua)ཤཱིང་ཧཱ་གསར་ཁང་གིས་ཀྱང་མི་དེས་རྒྱ་ནག་དང་ཐའེ་ཝན་གཉིས་བར་ཁ་བྲལ་གྱི་ལས་དོན་མང་པོ་ཞིག་བསྒྲུབས་ཡོད་པར་བརྗོད། རྒྱ་ནག་གཞུང་གིས་ཐའེ་ཝན་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། གང་མགྱོགས་ཟླ་སྒྲིལ་གཏོང་དགོས་པར་བརྗོད་ཀྱི་ཡོད་ལ། གལ་སྲིད་ཞི་བའི་ཐོག་ནང་ཟླ་སྒྲིལ་གཏོང་མ་ཐུབ་ན་དྲག་པོའི་དམག་བཏང་ནས་ཟླ་སྒྲིལ་གཏོང་དགོས་ན་ཡང་གཏོང་གི་ཡིན་ཞེས་རྗོད་བཞིན་པའི་སྐབས་སུ། ལོ་སྔོན་མར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་(Nancy Pelosi)ཐའེ་ཝན་ནང་ལྟ་སྐོར་སླེབས། དེའི་རྗེས་རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཚང་མ་ལ་ཉེས་ཆད་གཅོད་རྒྱུའི་ཁྱབ་བསྒྲགས་བྱས་ནས་རྒྱ་ནག་ཏུ་ཡོད་པའི་ཐའེ་ཝན་གྱི་ཚོང་པ་དང་། བཟོ་ཚོང་ཁང་། མི་སྒེར་པ་སོགས་མང་པོ་ཞིག་ལ་ཁ་ཕྲལ་གྱི་བྱ་སྤྱོད་སྤེལ་མཁན་ཡིན་པའི་ཉེས་མིང་འོག་རྒྱ་ནག་གིས་དཔལ་འབྱོར་ཉེས་ཆད་བཅད་ཡོད་འདུག
(Yang Chih-yuan)ཟེར་བའི་མི་དེ་ཡིས་ཐའེ་ཝན་རྒྱལ་ཡོངས་སྲིད་དོན་ཚོགས་པ་ཟེར་བ་ཞིག་ལ་ཡང་རོགས་དངུལ་སྤྲོད་ཀྱི་ཡོད་པར་བརྗོད་ནས་ཉེས་ཆད་ཕོག་ཡོད་འདུག་ལ། མི་དེ་ནི་ཐའེ་ཝན་གྱི་མི་སེར་ཞིག་ལ་རྒྱ་ནག་གི་ཁྲིམས་ཁང་ཞིག་ནས་ཉེས་ཆད་ཕོག་མཁན་དང་པོ་དེ་ཡིན་འདུག ད་ཆར་ཐའེ་ཝན་གཞུང་དང་(Yang Chih-yuan)ཟེར་བའི་མི་དེའི་ནང་མི་ཡིས་རྒྱ་ནག་གཞུང་གིས་ཁོང་ལ་ཉེས་ཆད་བཅད་པ་ནི་དྲང་བདེན་མིན་པ་དང་། སྲིད་དོན་གྱི་བྱ་སྤྱོད་སྤེལ་ཡོད་ཚུལ་བརྗོད་ནས་ཐའེ་ཝན་གྱི་མི་མང་གང་བྱུང་འཛིན་བཟུང་བྱས་པ་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག
རྒྱ་ནག་གི་ཉེས་ཁྲིམས་ལྟར་ན། རྒྱལ་ཁབ་གཏོར་བཤིག་གམ་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་གཏོང་བའི་ཚོགས་པའི་འགོ་ཁྲིད་དམ་གལ་ཆེའི་མི་སྣར་ལོ་ ༡༠ ནས་ཚེ་བཙོན་བར་གྱི་བཙོན་འཇུག་ཉེས་ཆད་གཏོང་རྒྱུ་ཡིན་པ་དང་། ཧ་ཅང་ཚབས་ཆེའི་གནོད་འཚེ་བྱེད་མཁན་ལ་སྲོག་ཐོག་གི་ཉེས་པ་གཏོང་གི་ཡོད་པ། མཉམ་ཞུགས་བྱེད་མཁན་རྣམས་ལ་ལོ་ ༡༠ བར་གྱི་བཙོན་འཇུག་ཉེས་ཆད་གཅོད་ཀྱི་ཡོད་པར་བརྗོད། པེ་ཅིང་གཞུང་གིས་ཕྱི་ལོ་ ༢༠༠༥ ལོར་ཁ་ཕྲལ་ངོ་རྒོལ་གྱི་ཁྲིམས་དང་པོ་དེ་གཏན་འབེབས་བྱས་ཡོད་འདུག་པ་དང་། དེ་སྔོན་ཐའེ་ཝན་གྱི་སྲིད་འཛིན་ཟུར་པ་དང་ཁོང་མོའི་སྔོན་གྱི་མི་སྣ་གཉིས་ཀ་མང་གཙོ་ཡར་ཐོན་ཚོགས་པའི་ཁོངས་མི་ཡིན་པ་དང་། ཁོང་མོ་ ༢༠༡༦ ལོར་དབང་ཆར་བཟུང་རྗེས་ཝ་ཤིན་ཊོན་དང་འབྲེལ་བ་ཤུགས་ཆེ་རུ་བཏང་བ་དེས། རྒྱ་ནག་དང་ཐའེ་ཝན་གཉིས་བར་འབྲེལ་ལམ་སྡུག་ཕྱིན་པར་བརྗོད། དུས་དེ་ནས་བཟུང་པེ་ཅིང་གིས་ཐའེ་ཝན་རང་བཙན་ལ་རིམ་བཞིན་དམ་བསྒྲགས་ཤུགས་ཆེ་རུ་བཏང་ཡོད་ཅིང་། ཉེ་ཆར་གྱི་བྱ་སྤྱོད་གཅིག་ནི་པེ་ཅིང་གིས་ཕྱི་ཟླ་དྲུག་པའི་ནང་ཁྲིམས་ལུགས་ལམ་སྟོན་ཟེར་བ་ཞིག་སྤེལ་བ་དེའི་ནང་དུ། ཐའེ་ཝན་རང་བཙན་གྱི་ཁ་ཕྲལ་རིང་ལུགས་པ་ཚོས་རྒྱལ་ཁབ་དང་མི་དམངས་ལ་ཚབས་ཆེའི་ཉེན་ཁ་བཟོ་བའི་ཁ་ཕྲལ་གྱི་བྱ་སྤྱོད་ཚབས་ཆེན་སྤེལ་ཚེ་སྲོག་ཐོག་གི་ཉེས་པ་གཏོང་སྲིད་པའི་སྐོར་བཤད་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།