རྒྱ་ནག་གི་གནོན་ཤུགས་འོག་ཐའེ་ཝན་གྱི་མིང་རྒྱ་ནག་གི་ཐའེ་པཱེ་ཞེས་བྲིས་འདུག
འཛམ་གླིང་རྐང་སྤོལ་རྩེད་འགྲན་གོ་སྒྲིག་ཚོགས་པས། ཐའེ་ཝན་གྱི་ལྟད་མོ་བ་ཚོའི་ངོས་འཛིན་ལག་ཁྱེར་ཐོག་ཏུ། རྒྱལ་ཁབ་ཀྱི་མིང་ལ་རྒྱ་ནག་གི་ཐའེ་པཱེ་ཞེས་འགྱུར་བ་བཏང་འདུག་པས། ཐའེ་ཝན་གྱིས་སྐྱོན་བརྗོད་ཆེན་པོ་བྱས་འདུག
འཛམ་གླིང་རྐང་སྤོལ་རྩེད་འགྲན་གོ་སྒྲིག་ཚོགས་པས། ཐའེ་ཝན་གྱི་ལྟད་མོ་བ་ཚོའི་ངོས་འཛིན་ལག་ཁྱེར་ཐོག་ཏུ། རྒྱལ་ཁབ་ཀྱི་མིང་ལ་རྒྱ་ནག་གི་ཐའེ་པཱེ་ཞེས་འགྱུར་བ་བཏང་འདུག་པས། ཐའེ་ཝན་གྱིས་སྐྱོན་བརྗོད་ཆེན་པོ་བྱས་འདུག
ཟླ་༦ པའི་ཚེས་༢༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་ཐའེ་ཝན་གཞུང་དང་མི་མང་གིས་སྐྱོན་བརྗོད་ཆེན་པོ་བྱས་རྗེས། ཕྱི་ལོ་༢༠༢༢ ལོའི་འཛམ་གླིང་རྐང་སྤོལ་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གིས། རྩེད་འགྲན་ཆེད་དུ་ལྟད་མོ་ལྟ་བར་ཡོང་མཁན་ཐའེ་ཝན་གྱི་མི་མང་ཚོའི་ངོས་འཛིན་ལག་ཁྱེར་ཐོག་ཏུ་རྒྱལ་ཁབ་ཀྱི་མིང་ཐའེ་ཝན་ཞེས་བྲིས་ཡོད་ཀྱང་། ད་ལྟའི་ཆར་རྒྱ་ནག་གི་གནོན་ཤུགས་འོག་ཏུ་རྒྱ་ནག་གི་ཐའེ་པཱེ་ཞེས་བྲིས་ཡོད་འདུག
དེ་ཡང་འདི་ལོའི་ཟླ་༡༡ པའི་ཚེས་༢༡ ནས་ཟླ་༡༢ པའི་ཚེས་༡༨ བར་ཨ་རབ་རྒྱལ་ཁབ་ཁཱ་ཊར་ནང་དུ། རྒྱལ་སྤྱིའི་ནང་དགའ་མོས་ཆེ་ཤོས་བྱེད་ཡུལ་གྱི་འཛམ་གླིང་རྐང་སྤོལ་རྩེད་འགྲན་ཐེངས་༢༢ པ་འཚོགས་ཀྱི་ཡོད་འདུག་པ་དང་། རྩེད་འགྲན་དེ་ལྟ་བར་འཛིན་བྱང་ཡོད་མཁན་གྱི་ལྟད་མོ་བ་ཚོས་དྲ་ཐོག་ནས་ངོས་འཛིན་ལག་ཁྱེར་ཆེད་དུ་དེབ་སྐྱེལ་བྱེད་དགོས་ཀྱི་ཡོད་འདུག སྐབས་དེར་དེབ་སྐྱེལ་བྱེད་ཡུལ་གྱི་དྲ་ཚིགས་ཐོག་ཏུ་ཐའེ་ཝན་གྱི་མི་མང་ཚོས་རང་ཉིད་ཀྱི་རྒྱལ་ཁབ་ཐའེ་ཝན་ཡིན་པའི་འདེམས་ཀ་བཙལ་སྐབས་སུ། རྒྱལ་ཁབ་ཁག་གི་གྲངས་ཐོའི་ནང་དུ་ཐའེ་ཝན་མེད་པ་དོ་སྣང་བྱུང་རྗེས། ཐའེ་ཝན་མི་མང་དང་གཞུང་གིས་སེམས་འཚབ་ཀྱི་རྣམ་འགྱུར་དང་བསྒྲགས་གཏམ་སྤེལ་འདུག
འོན་ཀྱང་ཕྱིས་སུ་དྲ་ཚིགས་དེར་རྒྱལ་ཁབ་ཁག་གི་གྲངས་ཐོའི་ནང་དུ་ཐའེ་ཝན། རྒྱ་ནག་གི་ཞིང་ཆེན་ཞེས་པའི་འདེམས་ཀ་བཟོས་པས། ཐའེ་ཝན་མི་མང་དང་གཞུང་གིས་བྱེད་སྟངས་དེར་དེ་སྔོན་ལས་མང་བ་རླུང་ལངས་ནས་སྐྱོན་བརྗོད་བྱས་ཏེ། རྒྱལ་སྤྱིའི་རྩེད་འགྲན་དེ་ཆབ་སྲིད་ཀྱི་ལག་ཆར་མི་འགྱུར་བའི་རེ་སྐུལ་བྱས་འདུག
གནད་དོན་དེ་དང་བསྟུན་ནས་ཟླ་༦ པའི་ཚེས་༡༦ ཉིན་གྱི་དགོང་མོར་དྲ་ཚིགས་དེའི་ཐོག་གི་རྒྱལ་ཁབ ་ཁག་གི་གྲངས་ཐོའི་ནང་དུ། ཐའེ་ཝན་ཞེས་བཀོད་ནས་ཟུར་དུ་ཐའེ་ཝན་གྱི་རྒྱལ་དར་ཡོད་པའི་འདེམས་ཀ་བཟོས་ཡོད་འདུག་པས། ཐའེ་ཝན་ཕྱི་སྲིད་ལས་ཁང་ནས་གནད་དོན་དེ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་སྐོར་བརྗོད་ནས། འཛམ་གླིང་རྐང་སྤོལ་རྩེད་འགྲན་གོ་སྒྲིག་བྱེད་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུས་འདུག་པ་དང་། སྐབས་དེར་རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པར་གནད་དོན་དེའི་ཐོག་བསམ་ཚུལ་གང་ཡོད་མེད་དྲིས་སྐབས། ཁོང་གིས་ཐའེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཡིན་པ་བསྐྱར་ནན་བྱས་འདུག
སྐབས་དེར་ཐའེ་ཝན་ལ་རྒྱལ་སྤྱིའི་སྡིངས་ཆ་ཐོག་ཏུ་རྒྱལ་ཁ་ཆུང་ཆུང་ཞིག་ཐོབ་པ་ཆགས་ཡོད་ཀྱང་། ཉེ་ཆར་རྒྱ་ནག་གི་གནོན་ཤུགས་འོག་ཏུ་སོང་ནས། རྩེད་འགྲན་གོ་སྒྲིག་ཚོགས་པས་ཐའེ་ཝན་ཞེས་པའི་མིང་གི་ཚབ་ཏུ་རྒྱ་ནག་གི་ཐའེ་པཱེ་ཞེས་འགྱུར་བ་བཏང་འདུག་པས། ཐའེ་ཝན་གཞུང་གིས་གནད་དོན་དེ་ནི་རྒྱ་ནག་གི་བརྙས་བཅོས་བྱས་པའི་གནད་དོན་ཞིག་ཡིན་པ་དང་། གོ་སྒྲིག་ཚོགས་པས་ཕྱི་ལོགས་ནས་ཡོང་བའི་ཆབ་སྲིད་ཀྱི་གནོན་ཤུགས་ལ་འགོག་རྒོལ་བྱེད་ཐུབ་མེད་པའི་སྐྱོན་བརྗོད་དང་། རྒྱ་ནག་གིས་བསྟུད་མར་རྒྱལ་སྤྱིའི་ནང་དུ་རྒྱ་ནག་གཅིག་གི་སྲིད་བྱུས་ཞེས་པའི་རྫུན་དེ་བེད་སྤྱད་ནས། རྒྱལ་སྤྱིའི་ཐོག་ཐའེ་ཝན་ལ་བརྙས་བཅོས་བྱེད་པ་དང། ཐའེ་ཝན་དེ་རྒྱ་ནག་གི་ཆ་ཤས་ཡིན་པའི་མཐོང་ཚུལ་དྲང་བདེན་མིན་པ་དེ་བཟོ་ཐབས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག
རྒྱ་ནག་གིས་འཛམ་གླིང་རྐང་སྤོལ་རྩེད་འགྲན་གོ་སྒྲིག་ཚོགས་པའི་བྱ་སྤྱོད་དེར་དགའ་བསུ་ཞུས་ཏེ། རྒྱ་ནག་གཅིག་གི་སྲིད་བྱུས་ལ་གུས་བརྩི་ཞུས་པར་བསྔགས་བརྗོད་ཡོད་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།