རྒྱ་ནག་གི་གནོན་ཤུགས་འོག་བོད་ནང་གི་ཤུགས་རྐྱེན་ཆེ་ཤོས་ཀྱི་མཁན་པོ་ཞིག་གི་ཆོས་ཚོགས་ཤིག་སྒོ་བརྒྱབས་འདུག 

བོད་དང་རྒྱ་ནག་ཏུ་མཛད་འཕྲིན་རབ་ཏུ་རྒྱས་བཞིན་པའི་མཁན་པོ་བསོད་དར་རྒྱས་ཀྱིས་ཁོང་གི་བྱང་ཆུབ་ཆོས་ཚོགས་དང་དེའི་ཡན་ལག་རྣམས་སྒོ་རྒྱག་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་འདུག 

དེ་ཡང་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༣༠ ཉིན་གསེར་རྟ་བླ་རུང་སྒར་གྱི་མཁན་པོ་བསོད་དར་རྒྱས་ཀྱིས་བླ་རུང་སྒར་གྱི་དྲ་བ་དང་། དེ་མིན་གྱི་སྤྱི་ཚོགས་དྲ་ལམ་བརྒྱུད་དེ་རྒྱ་ཡིག་གི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། མི་ཁ་ཅིག་གིས་ཁོང་གི་བྱང་ཆུབ་ཆོས་ཚོགས་ཀྱི་མིང་ཐོག་ནས་ལས་འགུལ་གཞན་རྩོམ་བཞིན་ཡོད་པ་མ་ཟད། ལ་ལ་ཞིག་གིས་“ཁྲིམས་འགལ་གྱི་བྱ་སྤྱོད་”སྤེལ་བར་ཁོང་ཐུགས་ཕམ་བྱུང་བའི་སྐོར་གསུངས་པ་མ་ཟད།  ཁོང་གིས་བྱང་ཆུབ་ཆོས་ཚོགས་དང་དེ་འབྲེལ་བྱེད་སྒོ་ཐམས་ཅད་ཀྱི་སྒོ་རྒྱག་རྒྱུ་ཡིན་པ་དང་། ཁོང་གིས་“མུ་མཐུད་དུ་རྒྱལ་གཅེས་ཆོས་གཅེས་ངང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་”ཡིན་པ་སོགས་འཁོད་ཡོད་འདུག 

མཁན་པོ་བསོད་དར་རྒྱས་ཀྱི་གློ་བུར་གྱི་གསལ་བསྒྲགས་དེ་དང་འབྲེལ་བའི་གནས་ཚུལ་ཞིག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢ ཉིན་སྤེལ་བའི་ནང་། ཁོང་གི་རྗེས་འབྲང་བ་ཁ་ཅིག་ཁོང་གིས་གསལ་བསྒྲགས་ནང་དྲངས་པའི་རྒྱུ་མཚན་དེར་དོགས་པ་ཡོད་སྐོར་བཀོད་འདུག་པའི་ཐོག ནུབ་ཕྱོགས་སུ་འཚོ་སྡོད་བྱེད་པའི་ཁོང་གི་རྒྱ་རིགས་སློབ་མ་ཞིག་གིས་ལས་འགུལ་ཁང་དེའི་འབྲེལ་ཡོད་ལ་ཆོས་ཚོགས་རྣམས་སྒོ་རྒྱག་པའི་གསལ་བསྒྲགས་དེ་བདེན་པ་ཡིན་རུང་། དེའི་རྒྱུ་མཚན་རྣམས་མཁན་པོས་རྒྱ་ནག་གི་གཞུང་འཛིན་མི་སྣ་ཚོའི་བཀའ་རྒྱའི་འོག་བྲིས་པ་ཞིག་ཡིན་པ་“གསལ་པོ་”རེད་ཅེས་བཤད་ཡོད་འདུག 

སློབ་མ་དེས་ད་དུང་ཁོ་ལ་རྒྱ་ནག་ནང་ལོགས་ནས་མཁན་པོ་བསོད་དར་རྒྱས་དང་། མཁན་པོ་ཚུལ་ཁྲིམས་བློ་གྲོས་གཉིས་ཀ་སོ་སོར་ལོ་སྔོན་མའི་ཕྱི་ཟླ་ ༡༡ ནང་རྒྱ་ནག་གཞུང་འཛིན་མི་སྣས་བཀའ་འགུགས་དང་འདྲི་གཅོད་བྱས་པའི་གནས་ཚུལ་འབྱོར་བྱུང་བ་དང་། ཆོས་ཚོགས་སྒོ་བརྒྱབས་པ་ནི་དེ་དང་འབྲེལ་བ་ཡོད་ཚུལ་ཡང་བཤད་འདུག 

གསེར་རྟ་བླ་རུང་སྒར་ནི་བོད་ཀྱི་ནང་བསྟན་སློབ་གཉེར་བྱེད་སའི་གདན་ས་ཆེ་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ཤིག་ཏུ་གྱུར་ཞིང་། བོད་རྒྱ་གཉིས་ཀའི་སློབ་མ་ཚོས་སློབ་གཉེར་བྱེད་ཡུལ་ཞིག་ཡིན་པར་བརྟེན། རྒྱ་ནག་གཞུང་གིས་འདས་པའི་མི་ལོ་ལྔ་ལྷག་གི་རིང་དགོན་ཆེན་དེ་གཏོར་བཤིག་གཏོང་བའི་དམིགས་འབེན་བཟུང་སྟེ། གྲྭ་བཙུན་རྣམས་ཕྱིར་འཕུད་གཏོང་བ་དང་། གྲྭ་ཤག་དག་རྨང་ནས་བཤིག་པ་སོགས་བྱས་ཏེ་དེའི་རྒྱ་ཁྱོན་ཆུང་དུ་གཏོང་བའི་བྱ་འགུལ་རབ་དང་རིམ་པ་ཞིག་སྤེལ་དང་སྤེལ་མུས་སུ་ཡོད། 

གཞན་ཡང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤེལ་བའི་རྩོམ་ཡིག་དེའི་ནང་། མཁན་པོ་བསོད་དར་རྒྱས་ཀྱི་ཆོས་ཚོགས་རྣམས་དེ་ལྟར་གློ་བུར་དུ་སྒོ་རྒྱག་དགོས་པའི་རྒྱུ་མཚན་ནི། ཉེ་བའི་ཆར་ཁོང་གི་མཛད་འཕྲིན་རྒྱས་ནས་ཆོས་དང་འཇིག་རྟེན་གྱི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་ཡོད་པ་དེ་བཀག་འགོག་བྱེད་ཆེད་ཡིན་སྲིད་པའི་སྐོར་ཡང་བཀོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།