རྒྱ་ནག་གི་གསར་འགོད་རང་དབང་ཇེ་སྡུག་ཏུ་ཕྱིན་ནས་“སྔར་གཏན་ནས་འབྱུང་མྱོང་མེད་པའི་ཚད་”དུ་བསླེབས་ཡོད་འདུག
རྒྱ་ནག་ཏུ་ཡོད་པའི་ཕྱི་རྒྱལ་གྱི་གསར་འགོད་པའི་མཐུན་ཚོགས་(Foreign Correspondents Club) ཀྱིས་རྒྱ་ནག་གི་གསར་འགོད་རང་དབང་ཇེ་སྡུག་ཕྱིན་ནས་“སྔར་གཏན་ནས་འབྱུང་མྱོང་མེད་པའི་ཚད་”དུ་བསླེབས་ཡོད་སྐོར་བརྗོད་འདུག ཕྱི་ཟླ་༡ ཚེས་ ༣༡ ཉིན་ཕྱི་རྒྱལ་གྱི་གསར་འགོད་པའི་མཐུན་ཚོགས་ནས་བཏོན་པའི་སྙན་ཐོའི་ནང་། རྒྱ་ནག་ཏུ་ལས་དོན་སྒྲུབ་བཞིན་པའི་གསར་འགོད་པ་རྣམས་ལ་ལུས་ཀྱི་རྡུང་རྡེག་དང་། འཇིགས་སྐུལ། དྲ་ཐོག་གི་སུན་གཙེར། ཐོངས་མཆན་མི་སྤྲོད་པ་མ་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཤིག་འཕྲད་བཞིན་ཡོད་པས། རྒྱ་ནག་གི་གསར་འགོད་རང་དབང་་“སྔར་གཏན་ནས་འབྱུང་མྱོང་མེད་པའི་”ཚད་དུ་བསླེབས་ཡོད་སྐོར་འཁོད་ཡོད་འདུག

པེ་ཅིང་གི་དགུན་ཁའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་འཚོགས་པར་བདུན་ཕྲག་གཅིག་ཙམ་ལས་མེད་པ་དང་། འཛམ་གླིང་ཧྲིལ་པོས་རྒྱ་ནག་ལ་དོ་སྣང་ཆེན་པོ་བྱེད་བཞིན་པའི་དུས་སྐབས་འདིར། ཕྱི་རྒྱལ་གྱི་གསར་འགོད་པས་དེ་ལྟ་བུའི་སྙན་ཐོ་ཞིག་བཏོན་པ་དེས། རྒྱ་ནག་གིས་རྒྱལ་སྤྱིའི་རྩེད་འགྲན་ཆེན་མོའི་གོ་སྐབས་དང་བསྟུན་ནས་འཛམ་གླིང་ལ་སྟོན་ཐབས་བྱེད་བཞིན་པའི་སྣང་བརྙན་ལ་གནོད་སྐྱོན་ཆེན་པོ་གཏོང་བའི་ཉེན་ཁ་ཡོད་འདུག ཐེངས་འདིའི་བསམ་ཚུལ་བསྡུ་ལེན་གྱི་ཞིབ་འཇུག་ནང་དུ། རྒྱ་ནག་ལ་ལས་དོན་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་གསར་འགོད་པ་༡༠༠ ལྷག་མཉམ་ཞུགས་བྱས་ཡོད་འདུག་ཅིང་། གསར་འགོད་པ་དེ་དག་གི་བརྒྱ་ཆ་༩༩ ཡིས་རྒྱ་ནག་གི་ལས་ཀའི་ཁོར་ཡུག་དེ་རྒྱལ་སྤྱིའི་ཚད་གཞི་ལོང་གི་མེད་པའི་འགྲེལ་བརྗོད་བྱས་པ་མ་ཟད། གསར་འགོད་པ་༥༠ ལྷག་གིས་རྒྱ་ནག་གཞུང་གིས་གསར་འགོད་པའི་ཐོངས་མཆན་མི་སྤྲོད་པའི་དཀའ་ངལ་ལ་བརྟེན་ནས་ཕྱི་རྒྱལ་གྱི་གསར་ཁང་ཁག་ཏུ་ལས་མི་མི་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད་ཚུལ་ཡང་བཤད་ཡོད་འདུག
དེ་མིན་ད་དུང་། རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་ཤར་ཏུར་ཀི་སི་ཐན་(ཤིང་ཅང་།)གྱི་གནས་ཚུལ་སྤེལ་བའི་འབད་བརྩོན་བྱེད་མཁན་གྱི་གསར་འགོད་པའི་བརྒྱ་ཆ་༨༨ ཀྱིས་ཁོ་ཚོ་ས་ཁུལ་དེར་འགྲོ་དུས། རྒྱ་ནག་གི་ཉེན་རྟོག་པས་རྗེས་སུ་དེད་ནས་རྒྱག་རྡུང་གཏོང་བ་དང་། པར་དང་སྒྲ་བཙན་གྱིས་འཕྲོག་པ་སོགས་བྱས་ཏེ་གསར་འགོད་པའི་ལས་ཀ་བྱེད་དུ་འཇུག་གི་མེད་ཚུལ་ཡང་བཤད་ཡོད་འདུག
ཕྱི་ལོ་༢༠༢༡ ལོའི་འགོ་སྟོད་དུ་རྒྱ་ནག་ལ་ལོ་མང་ལས་ཀ་བྱེད་མྱོང་བའི་བྷེ་བྷེ་སི་གསར་ཁང་གི་གསར་འགོད་པ་གྲགས་ཅན་ཇོན-སུ་ཝ་ཐི་(John Sudworth) སྙིང་སྟོབས་ཆེན་པོས་རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་དུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་གཏོང་བཞིན་པའི་གནས་ཚུལ་རྣམས་གསལ་རྗེན་དུ་སྤེལ་རྗེས། རྒྱ་ནག་གཞུང་གིས་ཁོང་ལ་འཇིགས་སྐུལ་དང་སྡིགས་ར་ཤུགས་ཆེན་བྱས་སྟབས། ཁོང་རྒྱ་ནག་ནས་ཐའེ་ཝན་དུ་བྲོས་བྱོལ་དུ་འགྲོ་དགོས་ཐུག་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།