རྒྱ་ནག་གི་གསར་འགོད་རང་དབང་ལ་དམ་དྲག
རྒྱ་ནག་ཁྲིམས་ཁང་ཞིག་གིས་གསར་འགོད་པ་རྒན་གྲས་གྷའོ་ཡུས་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་བསྒྲགས་བའི་ནག་ཉེས་རང་སོར་ཐོག དེ་སྔོན་ལོ་༧ བཙོན་འཇུག་གི་ཁྲིམས་ཐག་དེ་ལོོ་༥ ལ་ཆག་ཡང་བཏང་ཡོད་འདུག
རྒྱ་ནག་ཁྲིམས་ཁང་ཞིག་གིས་གསར་འགོད་པ་རྒན་གྲས་གྷའོ་ཡུས་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་བསྒྲགས་བའི་ནག་ཉེས་རང་སོར་ཐོག དེ་སྔོན་ལོ་༧ བཙོན་འཇུག་གི་ཁྲིམས་ཐག་དེ་ལོོ་༥ ལ་ཆག་ཡང་བཏང་ཡོད་འདུག
རྒྱ་གཞུང་ལ་སྐྱོན་བརྗོད་དྲག་པོ་བྱེད་མཁན་ལོ་ན་༧༡ ཡིན་པའི་གསར་འགོད་པ་གྷའོ་ཡུས་ཕྱི་ལོ་༢༠༡༤ ཟླ་༤ པའི་ནང་འཇུ་བཟུང་བྱས་ཏེ། རྒྱ་ནག་དམར་ཤོག་ཚོགས་པའི་ཡིག་ཆ་ཨང་༩ ཞེས་པ་ཞིག་ཨ་རིར་ཡོད་པའི་རྒྱ་སྐད་ཀྱི་དྲ་ཐོག་གསར་ཤོག་མཱིང་ཇིངས་(mingjing)ལ་བཏང་བའི་ཉེས་མིང་འོག ཁྲིམས་ཐག་བཙོན་འཇུག་ལོ་༧ བཅད་ཡོད་པ་རེད། སྐབས་དེར་ཁོ་མོ་དང་དྲ་རྒྱ་གཉིས་ཀའི་གནས་ཚུལ་དེ་མཁོ་སྤྲོད་བྱེད་མཁན་ཁོ་མོ་ཡིན་པ་ཁས་ལེན་བྱས་མེད་པ་རེད།
གསར་འགོད་པ་གྷ་ཡུས་ཀྱིས་སྤེལ་བའི་རྩོམ་ཡིག་ཅིག་གིས་རྐྱེན། ཕྱི་ལོ་༡༩༨༩ ལོའི་གནམ་སྡེ་སྒོ་མོའི་ངོ་རྒོལ་རྗེས་སུ། ཁོ་མོ་ཟླ་བ་༡༥ བཙོན་འཇུག་བྱས་ཏེ། རྗེས་སུ་འཕྲོད་བསྟེན་གྱི་དཀའ་ངལ་བརྟེན་ནས་གློད་ཡོད་པ་དང། ༡༩༩༣ ལོའི་ཟླ་༡༠ པའི་ནང་ཁོ་མོ་སླར་ཡང་འཇུ་བཟུང་བྱས་ཏེ། ཕྱི་ལོ་༡༩༩༤ ལོའི་ཟླ་༡༡ ནང་རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་བཏང་བའི་ཉེས་མིང་འོག བཙོན་འཇུག་ཁྲིམས་ཐག་ལོ་༧ བཅད་ཀྱང། ཕྱི་ལོ་༡༩༩༩ ལོའི་ཟླ་༢ པའི་ནང་འཕྲོད་བསྟེན་གྱི་དཀའ་ངལ་ལ་བརྟེན་ནས་གློད་གྲོལ་བྱས་ཡོད་པ་རེད། དེ་ནས་སླར་ཡང་ཕྱི་ལོ་༢༠༡༤ ལོའི་གནམ་སྡེ་སྒོ་མོའི་དུས་དྲན་རྗེས་ཁོ་མོ་འཇུ་བཟུང་བྱས་ཡོད་པ་རེད།
རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་བཤད་ཚུལ་ལ། རྒྱ་ནག་གཞུང་གི་ཡིག་ཆ་ཨང་༩ པ་ཞེས་པ་དེ་སྔོན་ནས་དྲ་ཐོག་ལ་ཡོད་པ་ལས། གྷ་ཡུས་ཀྱིས་སྐུར་བ་ཞིག་མིན་ཚུལ་བརྗོད་འདུག ཁོ་མོར་རྒྱལ་སྤྱིའི་གསར་འགོད་པའི་གཟེངས་རྟགས་མི་འདྲ་བ་༣ ཐོབ་ཡོད་པ་རེད།
ཕྱི་ལོ་༢༠༡༤ ཟླ་༡༢ ཚེས་༡༧ ཉིན་གསར་འགོད་པ་སྲུང་སྐྱོབ་ལྷན་ཚོགས་ཀྱིས། རྒྱལ་སྤྱིའི་རྒྱལ་ཁབ་ཁག་ནང་གསར་འགོད་པ་བཙོན་ལ་ཡོད་པའི་གྲངས་ཐོ་༢༢༠ བཏོན་པའི་ཁྲོད། རྒྱ་ནག་ནང་གསར་འགོད་པ་༤༤ བཙོན་འོག་ཏུ་ཡོད་པས། བཙོན་འོག་ཏུ་ཡོད་པའི་གསར་འགོད་པའི་ཐོ་གྲངས་མང་ཤོས་ཀྱི་རྒྱལ་ཁབ་ཡིན་པ་གསལ་བསྒྲགས་བྱས་འདུག དེ་བཞིན་ཕྱི་ལོ་༢༠༡༣ ལོར་ཝ་ཤིན་ཊོན་ཆ་འཕྲིན་དུ། འཛམ་གླིང་ཡུལ་གྲུ་ཀུན་གྱི་འགྲོ་བ་མིའི་ཐོབ་ཐང་དང་སྲིད་གཞུང་གིས་མི་མང་མནར་སྤྱོད་ཚད་མེད་གཏོང་གི་ཡོད་པར་ཚད་འཛིན་སའི་བྱང་ཀོ་རི་ཡ་ལས། བོད་ནང་དུ་རྒྱལ་སྤྱིའི་གསར་འགོད་པ་འགྲོ་ཆོག་པའི་རང་དབང་ཆུང་བ་ཡོད་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པ་རེད།
གསར་འགོད་པ་སྐལ་བཟང་དོན་གྲུབ།