རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་དེ་མུ་མཐུད་དལ་དུ་འགྲོ་བཞིན་ཡོད་འདུག
ཨ་རྒྱའི་ཁྱོད་ཤི་ང་གསོན་གྱི་ཚོང་དམག་དང་། ཧོང་ཀོང་གི་མང་གཙོའི་ངོ་རྒོལ། གཞན་ཡང་རྒྱ་ནག་ནང་ཁྱབ་གདལ་ཤུགས་ཆེར་ཕྱིན་པའི་ཕག་ནད་(African Swine fever)བཅས་ཀྱིས་མཚོན་པའི་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་དེ་སྔར་འབྱུང་མྱོང་མེད་པའི་ཞན་དུ་ཕྱིན་ཡོད་འདུག
ཨ་རྒྱའི་ཁྱོད་ཤི་ང་གསོན་གྱི་ཚོང་དམག་དང་། ཧོང་ཀོང་གི་མང་གཙོའི་ངོ་རྒོལ། གཞན་ཡང་རྒྱ་ནག་ནང་ཁྱབ་གདལ་ཤུགས་ཆེར་ཕྱིན་པའི་ཕག་ནད་(African Swine fever)བཅས་ཀྱིས་མཚོན་པའི་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་དེ་སྔར་འབྱུང་མྱོང་མེད་པའི་ཞན་དུ་ཕྱིན་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་ ༡༨ རེས་གཟའ་པ་སངས་ཉིན་རྒྱ་ནག་གིས་སྟོན་ཟླ་གསུམ་(ཕྱི་ཟླ་བདུན་པ་དང་། བརྒྱད་པ། དགུ་པ)གྱི་གཞུང་འབྲེལ་དཔལ་འབྱོར་སྙན་ཐོ་ཕྱིར་བསྒྲགས་བྱས་པའི་ནང་། འདི་ལོའི་སྟོན་ཟླ་གསུམ་གྱི་དཔལ་འབྱོར་འཕེལ་ཚེ་དེ་བརྒྱ་ཆ་ ༦ ཡིན་ཞིང་། དེ་ནི་ལོ་སྔོན་མའི་བརྒྱ་ཆ་ ༦.༢ ལས་མར་ཉམས་ཆག་ཕྱིན་པ་ཞིག་ཡིན་པ་མ་ཟད། ཕྱི་ལོ་ ༡༩༩༢ ལོར་རྒྱ་ནག་གིས་དཔལ་འབྱོར་འཕེལ་ཚད་དེ་དུས་ཚིགས་ཀྱི་ཐོག་ནས་འཇལ་འགོ་བརྩམས་པ་ནས་བཟུང་ཆེས་དམའ་ཤོས་དེ་ཆགས་ཡོད་འདུག
གཞུང་འབྲེལ་དཔལ་འབྱོར་སྙན་ཐོ་དེ་བཏོན་པའི་རྗེས་ཀྱི་གསར་འགོད་གསལ་བསྒྲགས་ནང་། རྒྱ་ནག་གི་འབྲེལ་ཡོད་འགོ་ཁྲིད་ཅིག་གིས་“རྒྱལ་ཁབ་ལ་ཕྱི་ནང་གཉིས་ཀ་ནས་དཀའ་ངལ་དང་ཉེན་ཁ་ཆེན་པོ་འཕྲད་བཞིན་ཡོད། འོན་ཀྱང་རྒྱལ་ཁབ་ཀྱི་སྤྱིའི་དཔལ་འབྱོར་གནས་སྟངས་དེ་སྔར་མུས་སུ་གནས་ཡོད་ལ། མི་མང་གི་འཚོ་བའི་ཆུ་ཚད་ཀྱང་གོང་དུ་འཕེལ་ཡོད་”ཅེས་བརྗོད་ཡོད་འདུག་ཀྱང་། རྒྱ་ནག་གི་ཚོང་ཤག་དང་མ་འཇོག་བྱེད་མཁན་ཚོ་ཨ་རྒྱའི་ཚོང་དམག་གི་ཤུགས་རྐྱེན་ལ་འཇིགས་ནས་དོགས་ཟོན་དང་གཟབ་ནན་ཆེན་པོ་བྱེད་ཀྱིན་ཡོད་འདུག
སྤྱིའི་ཆ་ནས་བཤད་ན། རྒྱ་ནག་གཞུང་གིས་བཏོན་པའི་སྙན་ཐོ་དེ་རྒྱ་ནག་གི་དཔལ་འབྱོར་གྱི་གནས་སྟངས་མཚོན་བྱེད་གཙོ་བོ་ལ་ངོས་འཛིན་བྱེད་ཀྱི་ཡོད་རུང་། ཕྱི་རྒྱལ་གྱི་ཆེད་ལས་མཁས་པ་མང་པོ་ཞིག་གིས་དེའང་ཚད་ལྡན་དང་དོན་དངོས་ཡིན་མིན་གྱི་དོགས་པ་དང་སོམ་ཉི་བྱེད་ཀྱི་ཡོད་འདུག
རྒྱ་ནག་དང་ཨ་རི་གཉིས་ཀྱིས་ཚོང་འབྲེལ་གྲོས་མཐུན་ཞིག་འཇོག་པའི་འབད་བརྩོན་བྱས་དང་བྱེད་མུས་སུ་ཡོད་པ་དང་། བདུན་ཕྲག་གོང་མར་ཨ་རྒྱའི་ཚོང་འབྲེལ་གྱི་སྐུ་ཚབ་མཐོ་གྲས་རྣམས་ཨ་རིའི་ནང་ཐུག་འཕྲད་བྱས་ཏེ་གྲོས་མཐུན་གྱི་རིམ་པ་དང་པོ་ལེགས་གྲུབ་བྱུང་ཚུལ་བཤད་ཡོད་སྟབས། ཨ་རྒྱ་རྒྱལ་ཁབ་གཉིས་ཀྱི་བར་དུ་གཉིས་མོས་ཀྱི་གྲོས་མཐུན་ཞིག་འཇོག་ཐུབ་པའི་རྣམ་པ་ཕྲན་ཙམ་ཞིག་མངོན་གྱི་ཡོད་མོད། འོན་ཀྱང་འཛམ་གླིང་དཔལ་འབྱོར་ཆེད་ལས་པ་ཚོས་ཨ་རྒྱའི་བར་གྲོས་མཐུན་བྱུང་ནས་ཚོང་དམག་གི་མཚམས་བཞག་ན་ཡང་། ཕྱི་ནང་གི་རྒྱུ་རྐྱེན་གཞན་དག་ལ་བརྟེན་ནས་རྒྱ་ནག་གི་དཔལ་འབྱོར་མུ་མཐུད་ཉམས་ཆག་འགྲོ་ངེས་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།