རྒྱ་ནག་གི་དཔལ་འབྱོར་རིག་པ་གྲགས་ཅན་ཞིག་གིས་ཞི་ཅིན་ཕིང་ལ་སྐྱོན་བརྗོད་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་འདུག
རྒྱ་ནག་གི་དཔལ་འབྱོར་གནས་སྟངས་ཇེ་སྡུག་ཏུ་འགྱུར་བཞིན་པའི་དུས་སྐབས་འདིར། དཔལ་འབྱོར་རིག་བ་(Zhu Hengpeng)ཟེར་བ་ཞིག་གིས་དཔལ་འབྱོར་སླར་གསོའི་ཆེད་དུ་སྒེར་གྱི་བསམ་ཚུལ་དང་། རྒྱ་ནག་གི་འགོ་ཁྲིད་ལ་སྐྱོན་བརྗོད་དྲྭ་ལམ་ཐོག་སྤེལ་བའི་རྐྱེན་གྱིས་མི་དེ་གར་སོང་ཆ་མེད་དུ་གྱུར་ཡོད་འདུག
ཕྱི་ཚེས་༢༨ ཉིན་ཐའེ་པེ་དུས་བབ་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་གི་བསམ་བློའི་གཏེར་མཛོད་ཀྱི་དཔལ་འབྱོར་རིག་པ་བ་གྲགས་ཅན་ཞིག་གིས་སྒེར་གྱི་སྐད་འཕྲིན་ཚོགས་པའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་སྐྱོན་བརྗོད་བྱས་པའི་རྐྱེན་གྱིས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག རང་ལོ་ ༥༥ ཅན་གྱི་(Zhu Hengpeng)ཀྲུའུ་ཧེང་ཕིང་གིས་སྒེར་གྱི་སྐད་འཕྲིན་ཚོགས་པ་ཞིག་ནང་རྒྱ་ནག་གི་དཔལ་འབྱོར་གནས་སྟངས་ལ་སྐྱོན་བརྗོད་དང་། དམིགས་བསལ་རྒྱ་ནག་གི་འགོ་ཁྲིད་ལ་སྐྱོན་བརྗོད་བྱས་པར་ངོས་འཛིན་བྱེད་བཞིན་ཡོད་འདུག (the wall street journal)གྱིས་གནས་ཚུལ་སྤེལ་གསལ། ཕྱི་ཟླ་བཞི་པའི་ནང་(Zhu Hengpeng)འཛིན་བཟུང་བྱས་ཏེ་ཞིབ་བཤེར་འོག་བཞག་ཡོད་འདུག་ལ། ཁོས་ལོ་ངོ་ ༢༠ ལྷག་རིང་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་དུ་ལས་ཀ་བྱེད་མྱོང་ཡོད་འདུག ཉེ་ལམ་དཔལ་འབྱོར་རིག་པའི་ལྟེ་གནས་ཀྱི་འགན་འཛིན་གཞོན་པ་དང་སྤྱི་དམངས་སྲིད་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་གྱི་ལས་གནས་འཁུར་མྱོང་ཡོད་འདུག དེ་བཞིན་ཁོས་རྒྱ་ནག་གི་གསར་འགྱུར་ལས་ཁང་(Caixin)ཚའེ་ཤིན་གྱིས་གོ་སྒྲིག་བྱས་པའི་མཛད་སྒོ་ཞིག་གི་ཐོག་ཏུ་གཏམ་བཤད་བྱས་རྗེས་ཕྱི་ཟླ་བཞི་པ་ནས་བཟུང་མི་མང་གི་མདུན་སར་མཐོང་རྒྱུ་མེད་པར་གྱུར་ཡོད་འདུག
(the wall street journal)གསར་ཁང་གིས་ཁོའི་ཁྱིམ་དུ་འབྲེལ་བ་བྱས་ཀྱང་འབྲེལ་བ་མཐུད་ཐུབ་མ་སོང་ཞེས་བརྗོད་འདུག ཧོང་ཀོང་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་ལྟེ་གནས་ཁང་དེའི་གོ་གནས་མཐོ་གྲས་ཀྱི་འགོ་ཁྲིད་ནང་འགྱུར་བ་ཤུགས་ཆེར་བྱུང་བའི་གནས་ཚུལ་སྤེལ་ཡོད་འདུག་ལ། དེའི་ནང་འགན་འཛིན་དང་དྲུང་ཆེ་གཉིས་ཀྱང་དཔལ་འབྱོར་རིག་པ་བ་ཀྲུའུ་ཧེང་ཕིང་དང་དུས་མཚུངས་སུ་གོ་གནས་ནས་ཕྱིར་འབུད་བཏང་ཡོད་འདུག (Sing Tao)ཉིན་རེའི་ཚགས་པར་གྱིས་བཤད་དོན་ལྟར་ན། ད་ཆར་དཔལ་འབྱོར་རིག་པ་ཀྲུའུ་ཧེང་ཕིང་གི་མིང་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་དྲྭ་ཚིགས་ནང་མི་གསལ་བར་གྱུར་ཡོད་འདུག ཁོ་རང་གི་(Tsinghua)སློབ་ཆེན་གྱི་ལས་དོན་དང་འབྲེལ་བའི་དྲྭ་ཚིགས་ཁག་ཀྱང་སྒོ་བརྒྱབ་ཟིན་ཡོད་འདུག འོན་ཀྱང་དུས་ཚོད་ག་དུས་སྒོ་བརྒྱབས་ཡོད་མེད་ངེས་གཏན་ར་སྤྲོད་བྱེད་ཐུབ་ཡོད་མི་འདུག རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་ནི་རྒྱ་ནག་གི་བསམ་བློའི་གཏེར་མཛོད་གྲགས་ཅན་ཞིག་ཡིན་པར་བརྗོད་འདུག་པ་དང་། དེས་ཐད་ཀར་རྒྱ་ནག་གུང་ཁྲན་ཏང་གི་བློན་ཆེན་ཁང་དང་རྒྱལ་ཁབ་སྤྱི་ཁྱབ་ཁང་ལ་སྙན་ཞུ་འབུལ་གྱི་ཡོད་པ་མ་ཟད། ཡུན་རིང་ནས་ཤུགས་རྐྱེན་ཆེ་བའི་སྲིད་ཇུས་སློབ་སྟོན་པ་ཞིག་ཡིན་པ་དང་། སྐབས་རེར་དྲང་པོའི་དཔྱད་ཞིབ་ཀྱང་མཁོ་སྤྲོད་བྱེད་ཀྱི་ཡོད་འདུག
འོན་ཀྱང་ཞི་ཅིན་ཕིང་གི་དབང་འཛིན་རིང་ལུགས་ཇེ་ཆེར་འགྲོ་བཞིན་པའི་འོག་རྒྱ་ནག་གུང་ཁྲན་ཏང་དང་ཁོ་རང་གི་སྒེར་གྱི་འགོ་ཁྲིད་ལ་སྐྱོན་བརྗོད་བྱེད་པར་མི་དགའ་བ་དང་ཉེས་ཆད་གཅོད་ཀྱི་ཡོད་འདུག རྒྱ་ནག་གི་མཁས་དབང་ཚོས་དེ་སྔོན་(the Guardian)ཟེར་བའི་གསར་ཁང་ལ་བཤད་དོན། ཁོང་ཚོའི་ཆེད་ལས་ཁྲོད་རྒྱ་ནག་གི་དཔལ་འབྱོར་དང་། སྤྱི་ཚོགས། ཆབ་སྲིད་ཀྱི་གནས་སྟངས་སྐོར་གྱི་ཡ་ང་བའི་དཔྱད་ཞིབ་སྙན་ཐོ་འབྲི་བའམ་གྲོས་བསྡུར་བྱེད་པར་དོགས་ཟོན་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད་ཅེས་དང་། ཞི་ཅིན་ཕིང་སྒེར་གྱི་སྐོར་ལ་གྲོས་བསྡུར་བྱེད་པ་དང་། ལྷག་པར་དུ་ཞིབ་བཤེར་དང་ལྟ་རྟོག་བྱེད་བཞིན་པའི་དྲྭ་རྒྱའི་ནང་དུ་གྲོས་བསྡུར་བྱེད་པར་ཕལ་ཆེར་གྱིས་གཡོལ་ཐབས་བྱེད་ཀྱི་ཡོད་པ་དང་། ཡང་ན་མངོན་གསལ་མིན་པའི་ཚིག་བརྗོད་དམ་བརྡ་བེད་སྤྱོད་བྱེད་ཀྱི་ཡོད་ཅེས་བརྗོད་འདུག རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་དྲྭ་ཚིགས་ཐོག་གི་བརྡ་ཁྱབ་ཁག་གིས་བསྟན་དོན་ལྟར་ན། ཉེ་བའི་ཟླ་ཤས་ནང་ལས་བྱེད་ཚོས་ཆབ་སྲིད་ཀྱི་སློབ་གསོའི་ལས་རིམ་མང་པོར་མཉམ་ཞུགས་བྱས་ཡོད་པ་དང་། དེའི་ནང་ཏང་གི་དྲང་བདེན་དང་ཞི་ཅིན་ཕིང་གི་བསམ་བློ་སྟེ་རྒྱ་ནག་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱི་ཆབ་སྲིད་ལྟ་གྲུབ་གཙོ་བོར་འཛིན་པའི་དོ་སྣང་ཆེན་པོ་བྱེད་འཇུག་བཞིན་ཡོད་འདུག
ཕྱི་ཟླ་བདུན་པའི་ནང་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་(Gao Xiang)ཀྲུའུ་ཞི་ཀའོ་ཞང་གིས་སྣེ་ཁྲིད་པའི་ཚོགས་འདུ་ཞིག་གི་སྙན་ཐོའི་ནང་འཁོད་དོན་ལ། ང་ཚོས་རྒྱུན་དུ་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་ནི་ཚན་རིག་ཞིབ་འཇུག་ལ་གཙོ་བོར་དམིགས་པའི་ཆབ་སྲིད་ཀྱི་སྒྲིག་འཛུགས་ཤིག་ཡིན་པ་དྲན་དགོས་ཤིང་། ཏང་གི་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོར་ལག་བསྟར་བྱེད་རྒྱུ་གཙོ་བོར་བཟུང་སྟེ་སྒྲིག་ལམ་དམ་པོར་སྲུང་བརྩི་བྱེད་ཆེད་འབད་བརྩོན་བྱེད་དགོས་ཞེས་ཚོགས་འདུའི་ནང་ནན་བཤད་བྱས་ཡོད་འདུག
ཞི་ཅིན་ཕིང་ལ་ཧ་ཅང་རྒྱབ་སྐྱོར་བྱེད་མཁན་ཡིན་པའི་(Gao Xiang)་ནི་ ༢༠༢༢ ལོར་གོ་གནས་དེར་བསྐོ་གཞག་བྱས་པ་དང་། ཁོས་སྒྲིག་འཛུགས་དེའི་ནང་ཏང་གི་དྲང་བདེན་ཡར་རྒྱས་གཏོང་བའི་ལས་འགུལ་ལ་ལྟ་རྟོག་བྱེད་ཅེས་བཤད་ཡོད་འདུག སྒེར་གྱི་སྐད་འཕྲིན་ཚོགས་པའི་ནང་དཔལ་འབྱོར་རིག་བ་ཀྲུའུ་ཧེང་ཕིང་གིས་གང་བྲིས་པའི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་མི་འདུག་ཀྱང་། (Sing Tao)ཉིན་རེའི་གསར་ཤོག་གིས་དེ་ནི་དབུས་ཀྱི་སྲིད་ཇུས་ལ་འོས་མིན་གྱི་གྲོས་བསྡུར་ཞིག་ཡིན་ཚུལ་བཤད་འདུག (the wall street jouranl)གིས་ཀྱང་ཁོས་ཞི་ཅིན་ཕིང་གི་མི་ཚེ་ག་དུས་མཇུག་རྫོགས་སྲིད་མིན་སྐོར་གནས་ཚུལ་སྤེལ་ཡོད་པར་བརྗོད་འདུག ད་ཆར་རྒྱ་ནག་གི་དཔལ་འབྱོར་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་གཉིས་པ་ཡིན་ཟེར་མཁན་དེས་རང་ཉིད་ཀྱི་ལོ་འཁོར་མའི་འཕེལ་རྒྱས་དམིགས་ཚད་བརྒྱ་ཆ་ ༥ མི་ལོན་པའི་སེམས་འཚབ་བྱེད་བཞིན་ཡོད་འདུག དམིགས་ཚད་འདི་ནི་ལོ་རྒྱུས་ཀྱི་ཚད་གཞི་ལྟར་ན་དམའ་པོ་ཞིག་ཡིན་འདུག
ཕྱི་ཟླ་ ༨ ཚེས་ ༡༥ ཉིན། རྒྱལ་ཁབ་ཀྱི་དབུས་དངུལ་ཁང་གིས་འཕེལ་རྒྱས་ཡར་རྒྱས་གཏོང་ཆེད་ལོ་མང་རིང་གི་སྐུལ་འདེད་ཆེ་ཤོས་དེ་ཡིན་པའི་གསལ་བསྒྲགས་བྱས་ཡོད་འདུག་ཀྱང་། མཁས་པ་ཚོས་སྐྱེད་ཀ་གཅོག་འཕྲི་སོགས་ཐབས་ཤེས་དེ་དག་ལ་དོགས་པ་བྱས་ཏེ་འདང་ངེས་མིན་པའི་སེམས་འཚབ་བྱེད་ཀྱི་ཡོད་འདུག ཁང་པ་གསར་རྒྱག་བྱེད་མཁན་ཚོས་དངུལ་བུན་ཧ་ཅང་མང་པོ་ལེན་པར་དབང་འཛིན་པས་དམ་བསྒྲགས་བྱས་པ་ནས་བཟུང་རྒྱ་ནག་གི་ཁང་པའི་ཁྲོམ་རར་དཀའ་ངལ་ཇེ་ཆེར་འཕྲད་བཞིན་ཡོད་པ་དང་། དེའི་རྐྱེན་གྱིས་ཁང་པ་གསར་རྒྱག་བྱེད་མཁན་མང་པོ་ཞིག་གིས་བུ་ལོན་སྤྲོད་མ་ཐུབ་པར་གྱུར་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།