རྒྱ་ནག་གི་དབང་ཤུགས་རྒྱ་སྐྱེད་ལ་གདོང་ལེན་བྱེད་ཆེད། ཉི་ཧོང་དང་། ཐའེ་ཝན། ཧྥི་ལི་ཕིན་གསུམ་ངེས་པར་དུ་མཉམ་འབྲེལ་བྱེད་དགོས་ཟེར་འདུག
ཧྥི་ལི་ཕིན་གྱི་མཚོ་དམག་དམག་དཔོན་ཟུར་པ་རོ་མལ-ཇོའུ་ཌི་(Rommel Jude) ཡིས། རྒྱ་ནག་གི་དབང་ཤུགས་རྒྱ་སྐྱེད་ལ་གདོང་ལེན་བྱེད་ཆེད། ཤར་ཨེ་ཤི་ཡའི་གླིང་ཕྲན་རྒྱལ་ཁབ་ཉི་ཧོང་དང་། ཧྥི་ལི་ཕིན། ཐའེ་ཝན་གསུམ་པོས་ངེས་པར་དུ་མཉམ་འབྲེལ་དང་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་ཞེས་བརྗོད་ཡོད་འདུག
ཧྥི་ལི་ཕིན་གྱི་མཚོ་དམག་དམག་དཔོན་ཟུར་པ་རོ་མལ-ཇོའུ་ཌི་(Rommel Jude) ཡིས། རྒྱ་ནག་གི་དབང་ཤུགས་རྒྱ་སྐྱེད་ལ་གདོང་ལེན་བྱེད་ཆེད། ཤར་ཨེ་ཤི་ཡའི་གླིང་ཕྲན་རྒྱལ་ཁབ་ཉི་ཧོང་དང་། ཧྥི་ལི་ཕིན། ཐའེ་ཝན་གསུམ་པོས་ངེས་པར་དུ་མཉམ་འབྲེལ་དང་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་ཞེས་བརྗོད་ཡོད་འདུག
ཁ་སང་རེས་གཟའ་མིག་དམར་ཉིན་ཐའེ་ཝན་གསར་འགྱུར་ཁང་(Taiwan News) ནས་གནས་ཚུལ་སྤེལ་བ་ལྟར་ན། ཧྥི་ལི་ཕིན་གྱི་མཚོ་དམག་དམག་དཔོན་ཟུར་པ་ཁོང་གིས་ཐའེ་ཝན་དང་། ཉི་ཧོང་། ཧྥི་ལི་ཕིན་གསུམ་གྱི་བདེ་འཇགས་ཕན་ཚུན་ཡོངས་སུ་འབྲེལ་ནས་ཡོད་པས། གླིང་ཕྲན་རྒྱལ་ཁབ་གསུམ་གྱིས་ངེས་པར་དུ་མཉམ་འབྲེལ་གྱིས་དམག་སྦྱོང་དང་རྒྱལ་སྲུང་བྱེད་དགོས་ཚུལ་བརྗོད་པའི་ཁར། གལ་སྲིད་རྒྱལ་ཁབ་གསུམ་གྱིས་ལག་གདང་སྦྲེལ་ནས་མཉམ་རུབ་མ་བྱས་པ་ཡིན་ན། ཞི་བདེ་རྒྱ་མཚོའི་ཁུལ་དུ་སླེབ་བཞིན་པའི་རྒྱ་ནག་གི་དབང་ཤུགས་རྒྱ་སྐྱེད་ལ་གདོང་ལེན་བྱེད་ཐབས་བྲལ་ཡོད་ཅེས་བཤད་ཡོད་འདུག
ད་ལྟའི་ཆར། ཨ་རིའི་སྲིད་གཞུང་གིས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་དེ་གལ་འགངས་ཆེ་ཤོས་ཀྱི་ཕྱི་འབྲེལ་སྲིད་བྱུས་སུ་བཟུང་ནས། ཨེ་ཤི་ཡའི་ཤར་ཕྱོགས་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་འཇགས་དང་སྲ་བརྟན་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་བརྗོད་ཀྱི་ཡོད་པ་མ་ཟད། ཨ་རིས་དམག་དཔུང་ཨབ་གྷ་ནི་སི་ཐན་ནས་ཕྱིར་འཐེན་བྱེད་པའི་རྒྱུ་མཚན་ཡང་ས་ཁུལ་དེའི་ཕྱོགས་སུ་རིག་པ་བསྒྲིམས་ནས་ནུས་པ་གཅིག་ཏུ་སྤུང་ཆེད་ཡིན་སྐོར་སྒྲོག་གི་ཡོད།
ཧྥི་ལི་ཕིན་གྱི་མཚོ་དམག་དཔག་དཔོན་ཟུར་པ་ཁོང་གིས་ཨ་རི་གཅིག་པུས་རྒྱ་ནག་གི་ཁ་གཏད་ཆོག་དཀའ་བར་བརྟེན། ཤར་ཨེ་ཤི་ཡའི་ས་ཁུལ་དུ་ཆགས་པའི་རྒྱལ་ཁབ་རྣམས་ཀྱིས་ངེས་པར་དུ་ནུས་པ་གཅིག་ཏུ་སྤུངས་ཏེ་རྒྱ་ནག་ལ་ཁ་གཏད་གཅོག་དགོས་ཞེས་བརྗོད་པའི་ཐོག ཐའེ་ཝན་དང་། ཉི་ཧོང་། ཧྥི་ལི་ཕིན་གསུམ་གྱིས་ཐབས་ལ་མཁས་ཤིང་ཕན་ནུས་ལྡན་པའི་མཉམ་འབྲེལ་དམག་སྦྱོང་བྱེད་དགོས་པའི་བསམ་ཚུལ་ཡང་བཏོན་ཡོད་འདུག
དེ་མིན་ད་དུང་། ཁོང་གིས་ཨེ་ཤི་ཡའི་ཤར་མཐའི་གླིང་ཕྲན་རྒྱལ་ཁབ་གསུམ་གྱི་མཚོ་འགག་དང་བདེ་འཇགས་ཕན་ཚུན་ཡོངས་སུ་འབྲེལ་ནས་ཡོད་སྟབས། རྒྱལ་ཁབ་གསུམ་གྱིས་ནུས་པ་གཅིག་བསྒྲིལ་ནས་དམག་སྦྱོང་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུ་དེ་གལ་འགངས་ཆེ་ཤོས་ཀྱི་གནད་དོན་ཞིག་ཆགས་ཡོད་ཚུལ་ཡང་བཤད་ཡོད་འདུག
ད་ལྟ་མཛམ་གླིང་གི་མིག་ལམ་དུ་དམར་ཤོག་རྒྱ་ནག་གི་ཧམ་ཤེད་དང་གཡོ་སྒྱུའི་རང་བཞིན་ཇེ་གསལ་དུ་འགྱུར་བཞིན་ཡོད་པས། ཨ་རིས་གཙོས་པའི་མང་གཙོའི་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་གི་དབང་ཤུགས་རྒྱ་སྐྱེད་ལ་སེམས་འཚབ་ཆེན་པོ་བྱས་ཏེ་དངོས་སུ་དེ་ལ་ཁ་གཏད་གཅོག་རྒྱུའི་སྲིད་བྱུས་འཐེན་འགོ་རྩོམ་བཞིན་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།