རྒྱ་ནག་གི་དྲ་ཐོག་ཞིབ་བཤེར་འགན་འཛིན་ཟུར་པར་བཙོན་འཇུག་ཁྲིམས་ཐག་བཅད།
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་གཞུང་གི་མཐོ་རིམ་དཔོན་རིགས་དང་ལས་བྱེད་སོགས་ནང་ལྐོག་ཟ་རུལ་སུངས་རྩ་མེད་བཟོ་བཞིན་པའི་ལས་འགུལ་འོག དེ་སྔོན་རྒྱ་ནག་གི་དྲ་ཐོག་ཞིབ་བཤེར་གྱི་འགན་འཛིན་ཟུར་པར། ལྐོག་རྔན་བླངས་པའི་ཉེས་འཛུགས་བྱས་ཏེ་ལོ་ངོ་༡༤ ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་གཞུང་གི་མཐོ་རིམ་དཔོན་རིགས་དང་ལས་བྱེད་སོགས་ནང་ལྐོག་ཟ་རུལ་སུངས་རྩ་མེད་བཟོ་བཞིན་པའི་ལས་འགུལ་འོག དེ་སྔོན་རྒྱ་ནག་གི་དྲ་ཐོག་ཞིབ་བཤེར་གྱི་འགན་འཛིན་ཟུར་པར། ལྐོག་རྔན་བླངས་པའི་ཉེས་འཛུགས་བྱས་ཏེ་ལོ་ངོ་༡༤ ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
ཟླ་༣ པའི་ཚེས་༢༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དེ་སྔོན་རྒྱལ་སྤྱིའི་ནང་སྙན་གྲགས་ཆེ་བའི་དུས་བབ་དུས་དེབ་ཁང་གིས་དབང་ཤུགས་ཆེ་ཤོས་མི་སྣ་༡༠༠ ཡི་མིང་ཐོའི་ནང་ཚུད་མྱོང་ཡོད་མཁན། རྒྱ་ནག་གི་དྲ་ཐོག་ཞིབ་བཤེར་ལས་ཁང་གི་འགན་འཛིན་ལུ་ཝི་ལ། རྒྱ་ནག་འབྲིང་རིམ་ཁྲིམས་ཁང་ཞིག་གིས་ཕྱི་ལོ་༢༠༠༢ ནས་༢༠༡༧ བར་རང་གི་དབང་ཚད་ལོག་སྤྱོད་བྱས་ཏེ་གཞན་ལ་རོགས་རམ་བྱས་ཏེ་ལྐོག་རྔན་རིན་ཐང་སྒོར་ས་ཡ་༣༢ ཙམ་བླངས་ཡོད་པའི་ནག་ཉེས་ར་འཕྲོད་བྱུང་སྐོར་བརྗོད་ནས། ལོ་ངོ་༡༤ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་པ་དང་། ཁྲིམས་ཁང་དེའི་སྤྱི་ཚོགས་དྲ་ལམ་ཝི་བྷོ་ཐོག་ཏུ། ལུ་ཝི་ཡིས་བཙོན་འཇུག་ཁྲིམས་ཐག་ངོས་ལེན་བྱས་ཡོད་པས་ཞུ་གཏུག་བྱེད་རྒྱུ་མིན་སྐོར་བཀོད་ཡོད་འདུག དེ་བཞིན་ཁོ་ལ་ཉེས་ཆད་རྒྱ་སྒོར་ས་ཡ་༣ བཏང་འདུག
ལུ་ཝི་རྒྱ་ནག་གི་དྲ་ཐོག་ཞིབ་བཤེར་ལས་ཁང་གི་འགན་འཛིན་ཡིན་པའི་སྐབས་སུ། རྒྱ་ནག་གི་དྲ་ཐོག་ཞིབ་བཤེར་དོ་དམ་གྱི་ལས་དོན་ཤུགས་ཆེ་རུ་བཏང་ཡོད་ཁར། ཕྱི་ལོ་༢༠༡༥ ལོར་ཁོས་དྲ་ཐོག་གི་རང་དབང་སྲུང་སྐྱོབ་ཆེད་དུ་ཞིབ་བཤེར་གྱི་ལས་དོན་ནི་མེད་དུ་མི་རུང་བ་ཞིག་ཡིན་ཁར། སྒྲིག་གཞི་མེད་པའི་རང་དབང་ཞིག་མེད་སྐོར་བརྗོད་མྱོང་འདུག ཕྱི་ལོ་༢༠༡༦ ལོར་ལས་གནས་ནས་དགོངས་པ་ཞུས་འདུག་པ་དང་། ཕྱི་ལོ་༢༠༡༧ ལོར་རྒྱ་ནག་གཞུང་གི་ལས་བྱེད་ཚོས་ཁོ་ལ་སྒྲིག་གཞི་དང་འགལ་བའི་བྱ་སྤྱོད་ཐད་ཞིབ་འཇུག་བྱེད་ཀྱི་ཡོད་པའི་གསལ་བསྒྲགས་བྱས་ཡོད་འདུག
རྒྱ་ནག་ནང་གི་སྤྱི་ཚོགས་དྲ་ལམ་ཁག་ཅིག་ཏུ། ལུ་ཝི་ཡི་བཙོན་འཇུག་ཁྲིམས་ཐག་ཐོག་གི་གནས་ཚུལ་ལ་མཆན་འགོད་པར་བཀག་འགོག་བྱས་ཡོད་པ་དང་། དྲ་ལམ་ཁག་ཅིག་ཏུ་མཆན་རིགས་ཁག་ཅིག་འདེམས་སྒྲུག་གིས་ནག་གསུབ་བཏང་ཡོད་པ་རེད་འདུག
རྒྱལ་སྤྱིའི་ནང་དྲ་ཐོག་མཉེན་ཆས་མ་ལག་ཚོང་ལས་ཁང་གི་འགན་འཛིན་མང་པོ་ཞིག་གིས། རྒྱ་ནག་ནང་དུ་སོ་སོའི་མཉེན་ཆས་བཀོལ་སྤྱོད་ཡོང་བའི་ཐབས་སུ། ལུ་ཝི་དང་ཐུག་འཕྲད་བྱེད་མྱོང་ཡོད་པ་རེད་འདུག ད་ལྟའི་ཆར་རྒྱལ་སྤྱིའི་ནང་དྲ་ཐོག་མཉེན་ཆས་ཁྱབ་ཆེ་ཤོས་ངོ་དེབ་དང་གྷུ་གྷལ་འཚོལ་ཞིབ་མ་ལག ཊེའུ་ཊར་སོགས་རྒྱ་ནག་ནང་བཀག་སྡོམ་འོག་ལྷག་ཡོད་པ་རེད།
སྲིད་འཛིན་ཞི་ཅིན་ཕིང་གི་ལས་ཡུན་ལོ་༦ རིང་རྒྱ་ནག་གཞུང་གི་ལས་བྱེད་ས་ཡ་༡ ལས་མང་བར་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་གྱི་ལས་འགུལ་ཁྲོད་ཉེས་ཆད་ཕོག་ཡོད་འདུག་པ་དང་། དཔྱད་བརྗོད་པ་ཁག་ཅིག་གིས་ལས་འགུལ་དེའི་དམིགས་ཡུལ་གཙོ་བོ་ནི་སྲིད་འཛིན་ཞི་ཅིན་ཕིང་གི་ཆབ་སྲིད་ཀྱི་དགྲ་བོ་མེད་པ་བཟོ་ཆེད་ཡིན་སྐོར་བརྗོད་བཞིན་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།