རྒྱ་ནག་གི་ནང་དུ་གཉེན་སྒྲིག་བྱེད་མཁན་ཉུང་དུ་ཕྱིན་འདུག

ཟླ་འདིའི་ཚེས་༢ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་མང་པོས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་ནང་དུ་གཉེན་སྒྲིག་བྱེད་མཁན་ཉུང་དུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ལོ་༢༠༢༡ ལོར་རྒྱ་ནག་གི་ནང་དུ་གཉེན་སྒྲིག་ཐོ་འགོད་བྱེད་མཁན་ས་ཡ་༧.༦༤ ཙམ་ལས་བྱུང་མེད་པ་དང་། དེ་ནི་ཕྱི་ལོ་༢༠༢༠ ལོའི་ཐོ་འགོད་བྱེད་མཁན་གྱི་གྲངས་ཀ་དང་བསྡུར་ན། བརྒྱ་ཆ་༦.༡% མར་ཆག་ཡོད་པ་དང་། ཕྱི་ལོ་༡༩༨༦ ལོར་གཉེན་སྒྲིག་ཐོ་འགོད་བྱེད་འགོ་བཙུགས་པ་ནས་བཟུང་ད་ལྟའི་བར་དུ་ལོ་གཅིག་གི་ནང་དུ་གཉེན་སྒྲིག་ཐོ་འགོད་བྱེད་མཁན་ཉུང་ཤོས་དེ་ཆགས་ཡོད་པའི་གནས་ཚུལ་ཐོན་འདུག་ལ། ལྷག་པར་དུ་ཕྱི་ལོ་༢༠༢༡ ལོར་གཉེན་སྒྲིག་བྱེད་མཁན་གྱི་ནང་ནས་བརྒྱ་ཆ་ཕྱེད་ཀ་ལྷག་ནི་ངོ་ལོ་སུམ་ཅུ་དང་སུམ་ཅུ་བརྒལ་ཟིན་པའི་གཞོན་སྐྱེས་རྐྱང་པ་ཡིན་འདུག་པས་ད་ལྟའི་ཆར་རྒྱ་ནག་གི་ནང་དུ་ལོ་ན་ཆུང་བའི་སྐབས་སུ་གཉེན་སྒྲིག་བྱེད་སྲོལ་དེ་ལ་འགྱུར་བ་ཆེན་མོ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གཞུང་གིས་བརྗོད་གསལ་ལྟར་ན། ཕྱི་ལོ་༢༠༡༣ ལོར་རྒྱ་ནག་ཏུ་གཉེན་སྒྲིག་ཐོ་འགོད་བྱེད་མཁན་ས་ཡ་༢༣.༨ བྱུང་ཡོད་པ་དང་། ཕྱི་ལོ་༢༠༡༩ ལོར་གཉེན་སྒྲིག་ཐོ་འགོད་བྱེད་མཁན་ས་ཡ་༡༣.༩ མ་གཏོགས་བྱུང་མེད་པར་བརྟེན། དུས་ཡུན་ལོ་ངོ་དྲུག་གི་རིང་གཉེན་སྒྲིག་ཐོ་འགོད་བྱེད་མཁན་གྱི་བརྒྱ་ཆ་༤༡% མར་ཆག་ཡོད་པའི་སྐོར་དང་།

འདས་པའི་ལོ་མང་གི་རིང་རྒྱ་ནག་གིས་ཕ་མ་གཉིས་ལ་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་སྲིད་བྱུས་ལག་བསྟར་བྱས་ཡོད་པ་དང་། ལྷག་པར་དུ་བུད་མེད་ཀྱི་ཁྲོད་དུ་དེང་དུས་ཤེས་ཡོན་ཅན་དང་དཔལ་འབྱོར་ཐད་རང་རྐྱ་འཕེར་མཁན་ཇེ་མང་དུ་འགྲོ་བཞིན་པ། དེ་བཞིན་གཉེན་སྒྲིག་ཐོག་གི་ལྟ་ཚུལ་ལ་འགྱུར་བ་འགྲོ་བཞིན་ཡོད་པའི་དབང་གིས། རྒྱ་ནག་གི་ནང་དུ་གཉེན་སྒྲིག་བྱེད་མི་ཉུང་དུ་ཕྱིན་ཡོད་རབས་བརྗོད་བཞིན་འདུག

རྒྱ་ནག་གི་ནང་དུ་གཉེན་སྒྲིག་བྱེད་མཁན་ཇེ་ཉུང་དུ་ཕྱིན་པའི་དབང་གིས་ཕྲུ་གུ་སྐྱེ་འཕེལ་གྱི་གྲངས་ཚད་མར་ཟག་བཞིན་པར་བརྟེན། རྒྱ་ནག་གཞུང་གི་མི་འབོར་ཉམས་ཉེན་གྱི་ཐོག་ལ་སེམས་འཚབ་བྱེད་བཞིན་ཡོད་པ་རེད་འདུག

ཕྱི་ལོ་༡༩༧༩ ལོ་ནས་ལག་བསྟར་བྱས་པའི་ཕ་མ་གཉིས་ལ་ཕྲུ་གུ་གཅིག་གི་སྲིད་བྱུས་དེ་འགྱུར་བ་བཏང་སྟེ། ཕྱི་ལོ་༢༠༡༦ ལོར་ཕ་མ་གཉིས་ལ་ཕྲུ་གུ་གཉིས་སྐྱེས་ཆོག་པ་བཟོས་ཡོད་ལ། ཕྱི་ལོ་༢༠༢༡ ལོར་རྒྱ་ནག་གཞུང་གིས་ཕ་མ་གཉིས་ལ་ཕྲུ་གུ་གསུམ་སྐྱེས་ཆོག་པ་བཟོས་ཡོད་འདུག ཡིན་ན་ཡང་། རྒྱ་ནག་གི་ནང་དུ་གཉེན་སྒྲིག་བྱེད་མི་དང་ཕྲུ་གུ་སྐྱེ་འཕེལ་གྱི་གྲངས་ཚད་ད་དུང་ཡང་མུ་མཐུད་དུ་མར་ཟག་བཞིན་ཡོད་པ་དང་། དཀའ་ངལ་དེ་ནི་རྒྱ་ནག་ཙམ་མ་ཡིན་པ་ཉི་ཧོང་དང་ལྷོ་ཀོ་རི་ཡའི་ནང་དུ་ཡང་འཕྲད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ལོ་༢༠༡༤ ལོ་ནས་རྒྱ་ནག་གི་ནང་དུ་ལས་མིའི་གྲངས་ཀ་ཉུང་དུ་འགྲོ་འགོ་བཙུགས་པ་དང་། ལས་མི་ཉུང་དུ་ཕྱིན་པ་དེའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་བརྟན་ལྷིང་ལ་ཡང་ཤུགས་རྐྱེན་སྤྲོད་ཀྱིི་ཡོད་པ་བཞིན། རྒྱ་ནག་གི་ནང་དུ་ཡང་མི་འབོར་གྱི་གྲངས་ཀ་བརྟན་པོ་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག།

གསར་འགོད་པ་བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།