རྒྱ་ནག་ནང་མི་མང་གིས་ངོ་རྒོལ་བྱས་འདུག
ཟླ་འདིའི་ཚེས་༡༦ ཉིན་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་དུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་ཏོག་དབྱིབས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་ལ་མི་མང་གིས་དྲག་པོས་ངོ་རྒོལ་དང་པེ་ཅིང་གཙུག་ལག་སློབ་གཉེར་ཁང་སྒོ་རྒྱ་བསྡམས་ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༡༦ ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་ཏོག་དབྱིབས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་ལ་མི་མང་གིས་དྲག་པོས་ངོ་རྒོལ་དང་པེ་ཅིང་གཙུག་ལག་སློབ་གཉེར་ཁང་སྒོ་རྒྱ་བསྡམས་ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༡༦ ཉིན་པེ་ཅིང་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་དང་སློབ་གཉེར་བ་ཚོ་ལ་ལས་དོན་ཧ་ཅང་གལ་འགངས་ཅན་ཞིག་ཡིན་ན་མ་གཏོགས་སློབ་གཉེར་ཁང་ནས་ཕྱི་ལ་གཏོང་རྒྱུ་མིན་རབས་དང་། བདུན་འདིའི་རེས་གཟའ་པ་སངས་བར་འཛིན་གྲྭ་ཡོད་ཚད་དྲྭ་ཐོག་ལ་འཁྲིད་རྒྱུའི་གསལ་བསྒྲགས་སྤེལ་ཡོད་འདུག་ལ། དེ་ཡང་ཐག་གཅོད་དེ་ནི་གཙོ་བོ་གཙུག་ལག་སློབ་གཉེར་ཁང་དུ་ཏོག་དབྱིབས་གཉན་རིམས་ཕོག་མཁན་གཅིག་བྱུང་ཡོད་པའི་དབང་གིས་རེད་འདུག
པེ་ཅིང་གཙུག་ལག་སློབ་གཉེར་ཁང་ནང་ལ་སློབ་གཉེར་བ་༤༠༠༠༠ ལྷག་ཡོད་པ་དང་སློབ་གཉེར་ཁང་དེ་ཉིད་དབུ་བརྙེས་ནས་ད་བར་ལོ་ངོ་༡༢༤ ཕྱིན་ཡོད་འདུག
རྒྱ་ནག་གི་ནང་ཏོག་དབྱིབས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པ་དང་། མི་མང་ཁྲོད་དེ་ལ་ཁོང་ཁྲོ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་འདུག
བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་མཚན་མོ་རྒྱ་ནག་ནང་མི་མང་གིས་ངོ་རྒོལ་བྱེད་བཞིན་པའི་བརྙན་ཐུང་མང་པོ་ཞིག་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁྱབ་བཞིན་པ་དང་།
བརྙན་ཐུང་དེ་དག་ལ་བལྟས་ན། མི་མང་བརྒྱ་ཕྲག་མང་པོ་ཁྲོམ་གཞུང་དུ་ཐོན་ནས་གོས་དཀར་གྱོན་མཁན་དག་དང་གདོང་ཐུག་བྱུང་བཞིན་པ་དང་། ཡང་བརྙན་འགའ་ཤས་ནང་མི་མང་ཁོང་ཁྲོ་ཆེན་པོས་གཞུང་ལམ་ཐོག་བཙུགས་པའི་ར་བ་དང་ཉེན་རྟོག་པའི་རླངས་འཁོར་དག་གཏོང་བཞིན་ཡོད་པ་སོགས་མཐོང་རྒྱུ་ཡོད་འདུག གནས་ཚུལ་དེ་དག་ནི་ཀོའང་ཀྲུའུ་གྲོང་ཁྱེར་གྱི་ལྷོ་ཕྱོགས་ས་ཁུལ་ཁག་ཏུ་འབྱུང་བཞིན་ཡོད་འདུག
ད་ལྟའི་ཆར་རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་མང་ཤོས་ཁྱབ་བརྡལ་འགྲོ་ས་ནི་ཀོའང་ཀྲུའུ་(Guangzhou) གྲོང་ཁྱེར་ཆགས་ཡོད་པ་དང་། བདུན་འདིའི་རེས་གཟའ་ཟླ་བའི་ཉིན་ཉིན་གཅིག་རིང་གྲོང་ཁྱེར་དེའི་ནང་ནད་པ་༥༠༠༠ ལྷག་བྱུང་གི་ཡོད་འདུག་ལ། གྲོང་ཁྱེར་དེའི་ནང་མི་འབོར་ས་ཡ་༡༩ ལྷག་གནས་སྡོད་བྱེད་ཀྱི་ཡོད་ཅིང་། གྲོང་ཁྱེར་དེ་ནི་རྒྱ་ནག་གི་གྲོང་ཁྱེར་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པའི་གནས་ཚུལ་ཐོན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།