རྒྱ་ནག་གི་ནད་ཡམས་དེ་རྒྱ་གར་དུ་འབྱོར་བའི་གནས་ཚུལ་འདུག
དེ་རིང་གི་རྒྱལ་སྤྱིའི་གནས་ཚུལ་གསར་ཤོས་ལྟར་ན། རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་ཁྱབ་གདལ་དུ་ཕྱིན་པའི་ནད་ཡམས་དེ་འགོས་ནས་ཤི་བའི་མི་གྲངས་དེ་༡༧༠ ལ་འཕར་བའི་ཐོག མི་མང་༧༧༡༡ ཡས་མས་ཤིག་ལ་ནད་ཡམས་དེ་འགོས་པ་ར་འཕྲོད་བྱུང་བ་མ་ཟད། རྒྱ་གར་དང་ཧྥི་ལིད་པིན་དུའང་ནད་ཡམས་དེ་འགོས་པའི་ནད་པ་ཐོག་མ་ཐོན་ཡོད་པའི་གནས་ཚུལ་འདུག
དེ་རིང་གི་རྒྱལ་སྤྱིའི་གནས་ཚུལ་གསར་ཤོས་ལྟར་ན། རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་ཁྱབ་གདལ་དུ་ཕྱིན་པའི་ནད་ཡམས་དེ་འགོས་ནས་ཤི་བའི་མི་གྲངས་དེ་༡༧༠ ལ་འཕར་བའི་ཐོག མི་མང་༧༧༡༡ ཡས་མས་ཤིག་ལ་ནད་ཡམས་དེ་འགོས་པ་ར་འཕྲོད་བྱུང་བ་མ་ཟད། རྒྱ་གར་དང་ཧྥི་ལིད་པིན་དུའང་ནད་ཡམས་དེ་འགོས་པའི་ནད་པ་ཐོག་མ་ཐོན་ཡོད་པའི་གནས་ཚུལ་འདུག
དེ་ཡང་ད་ལྟའི་ཆར་ནད་ཡམས་དེ་བོད་མཐོ་སྒང་དང་རྒྱ་ནག་གི་ཞིང་ཆེན་ཡོངས་སུ་ཁྱབ་གདལ་ཕྱིན་ཟིན་པ་མ་ཟད། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་གང་སར་ནད་ཡམས་དེ་འགོས་པའི་ནད་པ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་འདུག་སྟེ། དེ་རིང་རེས་གཟའ་ཕུར་བུའི་ཉིན་ལྷོ་ཤར་ཨེ་ཤི་ཡིའི་རྒྱལ་ཁབ་ཧྥི་ལིད་པིན་དང་རྒྱ་གར་གཉིས་སུ་གློ་ཚད་འགོས་ནད་དེ་ཡོད་པའི་ནད་པ་ཐོག་མ་ཐོན་ཡོད་འདུག
གློ་ཚད་ནད་ཡམས་དེ་འགོས་པའི་རྒྱ་གར་གྱི་ནད་པ་ཐོག་མ་དེ་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཀེ་ར་ལ(Kerala) རུ་བྱུང་འདུག་ཅིང་། ནད་པ་དེ་ཝུའུ་ཧན་སློབ་ཆེན་གྱི་སློབ་མ་ཞིག་ཡིན་འདུག་པ་དང་། རྒྱ་གར་གཞུང་ནས་ད་ལྟའི་ཆར་ཁོ་ལ་སྲོག་ཉེན་མེད་པ་དང་ཟུར་བཅད་སྨན་ཁང་དུ་བཞག་ཡོད་སྐོར་བཤད་ཡོད་འདུག
འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་ད་དུང་ཡང་ནད་ཡམས་འདི་ནི་གོ་ལ་ཁྱོན་ལ་ཉེན་ཁ་ཆེ་བའི་ཛ་དྲག་གི་ནད་ཡམས་ཤིག་ཡིན་ཚུལ་གསལ་བསྒྲགས་བྱས་མེད་ཀྱང་། འཛམ་གླིང་རྒྱལ་ཁབ་ཁག་གིས་ཝུའུ་ཧན་དུ་ཡོད་པའི་སོ་སོའི་མི་སེར་ཛ་དྲག་ཆེན་པོས་བསུས་ཏེ་སྨན་བཅོས་བརྟག་དཔྱད་བྱེད་པ་དང་། རྒྱ་ནག་ཏུ་གནམ་གྲུ་གཏོང་མཚམས་འཇོག་པ་སོགས་བྱས་ཏེ་ཚ་ཚ་འུར་འུར་གྱིས་འཇིགས་སུ་རུང་བའི་ནད་ཡམས་འདིར་ཁ་གཏད་གཅོག་ཐབས་བྱེད་བཞིན་ཡོད་འདུག
དེ་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་སྒྲོལ་མའི་གཟུངས་སྔགས་བགྲང་ནས་ནད་ཡམས་ཞི་བར་ཕན་ཐོགས་ཡོད་སྐོར་གསུངས་པའི་རྗེས། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཐག་གཅོད་ཀྱི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་“༸སྐུའི་འཕྲོད་བཞེས་ལ་གེགས་བར་གྱི་ཆ་ཕྲ་མོ་ཙམ་ཡང་ཟློག་ཐབས་སླད། རེ་ཞིག་༸རྒྱལ་བའི་ཕོ་བྲང་དུ་གཟིམ་ཆུང་མཇལ་ཁ་མཚམས་འཇོག་ཞུ་རྒྱུ་ཡིན་”སྐོར་འཁོད་ཡོད་འདུག །