རྒྱ་ནག་གི་ཕྱི་འབྲེལ་ཚོང་ལས་ཉམས་ཆག་ཏུ་འགྲོ་བཞིན་པ།
ཟླ་འདིའི་ཚེས་༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རྒྱའི་ཚོང་དམག་ལ་དམག་མཚམས་འཇོག་པའི་རྣམ་པ་མེད་པར་མུ་མཐུད་འགྲོ་བཞིན་པར་བརྟེན། རྒྱལ་ཁབ་གཉིས་ཀྱི་ཚོང་ལས་ཉམས་ཆག་ཏུ་འགྲོ་བཞིན་ཡོད་འདུག
ཟླ་འདིའི་ཚེས་༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རྒྱའི་ཚོང་དམག་ལ་དམག་མཚམས་འཇོག་པའི་རྣམ་པ་མེད་པར་མུ་མཐུད་འགྲོ་བཞིན་པར་བརྟེན། རྒྱལ་ཁབ་གཉིས་ཀྱི་ཚོང་ལས་ཉམས་ཆག་ཏུ་འགྲོ་བཞིན་ཡོད་འདུག
ཁ་སང་རེས་གཟའ་ཉི་མའི་ཉིན་བཏོན་པའི་ཕྱི་འབྲེལ་ཚོང་ལས་སྙན་ཐོའི་ནང་། ལོ་སྔོན་མ་དང་བསྡུར་ན་འདི་ལོའི་ཕྱི་ཟླ་བརྒྱད་པའི་ནང་ཨ་རི་ནས་རྒྱ་ནག་ལ་ནང་འདྲེན་བྱས་པའི་ཚོང་ཟོག་གི་ཡོང་སྒོ་བརྒྱ་ཆ་༢༢ ཆག་ཡོད་པ་མ་ཟད། རྒྱ་ནག་ནས་ཕར་ཨ་རི་ལ་ཕྱིར་འདྲེན་བྱས་པའི་ཚོང་ཀྱི་བརྒྱ་ཆ་༡༦ མར་ལྷུང་ཡོད་འདུག
ཨ་རྒྱའི་ཚོང་དམག་གི་འགོ་ཚུགས་ནས་ལོ་གཅིག་ལྷག་ཕྱིན་ཟིན་པ་དང་། དུས་ཡུན་དེའི་ནང་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་ནང་འདྲེན་ཚོང་ཟོག་ཐོག་ལ་ཨ་སྒོར་ཐེར་འབུམ་མང་པོའི་སྒོ་ཁྲལ་སྣོན་རེས་བྱས། ད་ལྟའི་ཆར་ཨ་རི་དང་རྒྱ་ནག་གཉིས་ཀྱིས་ཕྱི་ཟླ་༡༠ ནང་གྲོས་མོལ་ཆེན་པོ་ཞིག་བྱེད་རྒྱུའི་སྟ་གོན་བྱེད་ཀྱིན་ཡོད་རུང་། ཟླ་འདིའི་ཚེས་༡ ཉིན་སྲིད་གཞུང་གཉིས་ཀས་ཕན་ཚུན་གྱི་ཚོང་ཟོག་ལ་ཨ་སྒོར་ཐེར་འབུམ་དུ་མའི་ཁྲལ་སྣོན་རེས་བྱས་ནས་ཚོང་དམག་དེ་སྔར་བས་ཀྱང་ཛ་དྲག་ཏུ་བཏང་ཡོད་པ་མ་ཟད། སྲིད་འཛིན་ཊོམ་གྱིས་ཕྱི་ཟླ་༡༠ ཚེས་༡༥ ཉིན་ཡང་སྐྱར་སྒོ་ཁྲལ་འཕར་མ་སྣོན་རྒྱུའི་འཆར་གཞི་འདིངས་བཞིན་ཡོད་འདུག
དེ་ཡིས་མ་ཚད་གོ་ལ་ཧྲིལ་པོའི་ཚོང་ལས་ཞན་དུ་འགྲོ་བཞིན་ཡོད་སྟབས། རྒྱ་ནག་གི་ཕྱིར་འདྲེན་ཚོང་ལས་གཉེར་མཁན་ཚོ་ལ་ཕྱིར་འདྲེན་བྱེད་ས་མི་རྙེད་པའི་གནོན་ཤུགས་དང་། ཨ་རིའི་ཚབ་ཏུ་ཚོང་ཤག་གཞན་ཞིག་རག་མི་རག་པའི་དཀའ་ངལ་འཕྲད་ཀྱི་ཡོད་འདུག
ཨ་རྒྱའི་བར་ལ་ཚོང་འབྲེལ་གྲོས་མཐུན་བྱུང་སྟེ་དམག་མཚམས་འཇོག་སྲིད་མིན་ཐད་ལ། ཨོ་ཁི་སི་ཧྥོ་ཊོ་དཔལ་འབྱོར་དུས་དེབ་(Oxford Economics) ཀྱི་མཁས་པ་ལིའུ་སི-ཁུའི་ཇི་(Louis Kuijs) ཡིས“སྒོ་ཁྲལ་སྣོན་རེས་བྱས་ནས་ཛ་དྲག་ཇེ་ཆེར་འགྱུར་བཞིན་པའི་ཚོང་དམག་ལ་བལྟས་ན། ཚོང་གི་གྲོས་མཐུན་བྱུང་ནས་དམག་མཚམས་འཇོག་རྒྱུ་ཁག་པོ་ཡིན་པར་སྣང་”ཞེས་བརྗོད་ཡོད་འདུག
ཆེད་ལས་ཉམས་ཞིབ་པ་ཁ་ཅིག་གིས་བཤད་པ་ལྟར་ན། པེ་ཅིང་ཕྱོགས་ནས་ཊོམ་གྱིས་༢༠༢༠ ལོའི་སྲིད་འཛིན་འོས་ཤོག་གི་ལས་འགུལ་དངོས་སུ་འགོ་འཛུགས་སྐབས་གྲོས་མཐུན་ལེགས་པོ་ཞིག་ཡོང་བའི་རེ་བ་རྒྱག་བཞིན་ཡོད་འདུག ཡིན་ན་ཡང་། ཊོམ་གྱིས་གལ་སྲིད་ཁོང་རང་བསྐྱར་དུ་ཨ་རིའི་སྲིད་འཛིན་ལ་འོས་འདེམས་བྱུང་བ་ཡིན་ན། རྒྱ་ནག་ལ་སྔར་བས་ཀྱང་ཁག་པའི་གནས་སྟངས་ཞིག་འཕྲད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཟིན་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།