རྒྱ་ནག་གི་བུ་ལོན་གྱི་ཞགས་ཐག་ནང་ཚུད་པའི་ལག་ཨེག་སེ་རྒྱལ་ཁབ་དང་དེའི་དཔལ་འབྱོར་གྱི་གནས་སྟངས།

རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ནང་རྒྱལ་ཁབ་མང་པོ་ཞིག་འཛུལ་ཞུགས་བྱས་རྗེས།མཐར་བུ་ལོན་གྱི་ཞགས་ཐག་ནང་ཚུད་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་དཀའ་ཁག་ཆེན་པོ་འཕྲད་ཀྱི་ཡོད་པ་བཞིན། ད་ཆར་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ལག་ཨེག་སེ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ནང་འཛུལ་ཏེ། ད་ཆར་བུ་ལོན་སྤྲོད་མ་ཐུབ་ནས་རྒྱལ་ཁབ་གྱི་དཔལ་འབྱོར་དཀའ་ངལ་ཆེན་པོའི་ནང་ལྷུང་ཡོད་འདུག
ཕྱི་ཚེས་༡༠ ཉིན་རྒྱ་གར་(Firstpost)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ལག་ཨེག་སེ་རྒྱལ་ཁབ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ནང་འཛུལ་བའི་རྐྱེན་གྱིས། ད་ཆར་བུ་ལོན་ནང་ལྷུང་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་དཀའ་ངལ་ཆེན་པོའཕྲད་བཞིན་ཡོད་འདུག ལེག་ཨག་སེ་ཟེར་བའི་རྒྱལ་ཁབ་དེའི་ནང་མི་འབོར་ཁྱོན་ས་ཡ་བརྒྱད་ལས་ཡོད་མི་འདུག རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ནང་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོ་ཞིག་འཛུལ་ཞུགས་བྱས་ཡོད་པ་དང་། ལས་གཞི་དེའི་ནང་འཛུལ་མཁན་རྒྱལ་ཁབ་ཕལ་ཆེ་བ་མཐར་བུ་ལོན་གྱིས་རྐྱེན་པས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་བཞིན། ལེག་ཨག་སེ་རྒྱལ་ཁབ་ཀྱང་ད་ཆར་དཔལ་འབྱོར་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་འདུག
ལེག་ཨག་སེ་རྒྱལ་ཁབ་ལ་ཁྱོན་བུ་ལོན་ཨ་སྒོར་ཐེར་འབུམ་༡༣ ཙམ་ཡོད་འདུག་པ་དང་། དེའི་ནང་ནས་ཨ་སྒོར་ཐེར་འབུམ་༡༠ རྒྱ་ནག་ལ་བུ་ལོན་སྤྲོད་དགོས་ཀྱི་ཡོད་འདུག རྒྱ་ནག་གིས་ལེག་ཨག་སེའི་ནང་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ཁོངས་ནས་ཧ་ཅང་མགྱོགས་ཚད་ཆེ་བའི་མེ་འཁོོར་ལྕགས་ལམ་འཛུགས་སྐྲུན་ལས་གཞི་འགོ་འཛུགས་བྱས་ཡོད་འདུག་པ་དང་། ལས་གཞི་དེའི་ཆེད་རྒྱ་ནག་ལ་ཨ་སྒོར་ཐེར་འབུམ་༦ བུ་ལོན་སྤྲོད་དགོས་ཀྱི་ཡོད་འདུག དེ་སྔོན་ཤྲི་ལངྒས་ཀྱང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་འོག་བུ་ལོན་ཕོན་ཆེན་པོ་སྤྲོད་དགོས་བྱུང་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་ཉེན་ཁ་ཆེན་པོ་འཕྲད་ཡོད། དེ་བཞིན་པ་ཀི་སི་ཐན་དང་སོག་པོ་སོགས་རྒྱལ་ཁབ་དུ་མ་ཞིག་ལ་གཅིག་མཚུངས་ཀྱི་དཀའ་ངལ་ཆེན་པོ་འཕྲད་ཡོད་འདུག
ཤྲི་ལངྒ་ལྟ་བུར་མཚོན་ན་མི་སྒེར་པས་གཞུང་ལ་བུ་ལོན་གཡར་བ་རྣམས་ལས་བརྒྱ་༢༨ ཆག་ཡངས་བཏང་ཡོད་འདུག་ཀྱང་། ལེག་ཨག་སེ་ལྟ་བུར་མཚོན་ན་རྒྱ་ནག་ལ་བུ་ལོན་དུས་ཐོག་ཏུ་སྤྲོད་དགོས་པ་དང་། ཆག་ཡངས་གཏོང་མཁན་མེད་པའི་ཐོག་ནས་སྤྲོད་དགོས་ཀྱི་ཡོད་པས། ད་ཆར་རྒྱལ་ཁབ་ནང་ཕྱི་ཕྱོགས་ནས་སྣུམ་དང་དངོས་ཟོག་ཉོ་མི་ཐུབ་པའི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་འདུག ལེག་ཨག་སེ་ལ་ད་ལྟ་གདམ་ཀ་གཉིས་ལས་ཡོད་མི་འདུག དང་པོ་དེ་ལོ་བཅུ་ཕྲག་འགའ་ཤས་རིང་དུ་རྒྱ་ནག་ལ་བུ་ལོན་སྤྲོད་རྒྱུ་ཡིན་ནམ། ཡང་ན་མཁར་དབང་ངམ་རྒྱུ་དངོས་རིགས་བཙོངས་ནས་བུ་ལོན་སྤྲོད་རྒྱུ་ཡིན། ཞེས་པ་དེ་གཉིས་ལས་གཞན་གདམ་ཀ་མེད་པ་ཡིན་འདུག ཤྲི་ལངྒས་དེ་སྔོན་རྒྱ་ནག་ལ་བུ་ལོན་སྤྲོད་མ་ཐུབ་ནས་མཐར་ཤྲི་ལངྒའི་གྲུ་གཟིངས་འབབ་ཚུགས་(Hambantota) ཟེར་བ་དེ་མི་ལོ་༡༩༨ རིང་རྒྱ་ནག་ལ་གཡར་དགོས་བྱུང་ཡོད་པ་རེད། མ་འོངས་པར་ལེག་ཨག་སེ་ཡིས་བུ་ལོན་དུས་ཐོག་ཏུ་སྤྲོད་མ་ཐུབ་ཚེ་གློག་གི་འཛུགས་སྐྲུན་ཁག་དང་མེ་འཁོར་ལྕགས་ལམ་སོགས་རྒྱ་ནག་གིས་བདག་བཟུང་བྱེད་རྒྱུའི་ཉེན་ཁ་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།

Leave a Reply

Your email address will not be published. Required fields are marked *