རྒྱ་ནག་གི་མི་འབོར་གུད་བཞིན་པས་རྒྱ་ཕྲུག་ཕྱི་རྒྱལ་དུ་བུ་ཚབ་གཏོང་རྒྱུར་མཚམས་འཇོག་བྱེད་རྒྱུ་ཡིན་འདུག
སྐབས་ཤིག་ལ་རྒྱ་ནག་ནང་མི་འབོར་མང་དྲགས་པའི་རྐྱེན་གྱིས་གཞུང་གིས་བྱིས་པ་གཅིག་ལས་སྐྱེད་མི་ཆོག་པའི་སྲིད་བྱུས་ཤིག་ལག་བསྟར་ནན་པོ་བྱས་རྗེས། རྒྱ་ནག་གི་ཁྱིམ་ཚང་མང་པོ་ཞིག་གིས་སོ་སོའི་བུ་ཕྲུག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བུ་ཚབ་གསོ་ཉར་ཆེད་བསྐྱལ་ཡོད་འདུག་པ་དང་། དེའི་ནང་ནས་མང་པོ་ཞིག་བུ་མོ་ཡིན་འདུག་པར་བརྟེན། ད་ཆར་བུ་ཚབ་གསོ་ཉར་ཆེད་བུ་ཕྲུག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གཏོང་རྒྱུ་མཚམས་འཇོག་བྱེད་རྒྱུ་ཡིན་འདུག
ཕྱི་ཚེས་༦ རྒྱལ་སྤྱིའི་གསར་ཁང་མང་པོ་ཞིག་ནས་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་གི་བུ་ཕྲུག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བུ་ཚབ་གསོ་ཉར་ཆེད་དུ་སྐྱེལ་རྒྱུ་མཚམས་འཇོག་བྱེད་རྒྱུ་ཡིན་པ་རྒྱ་གཞུང་གིས་བརྗོད་ཡོད་འདུག དེ་ནི་ལོ་ངོ་སུམ་ཅུ་ལྷག་གི་སྔོན་གྱི་སྲིད་བྱུས་ཤིག་གིས་རྐྱེན་པས། རྒྱ་ནག་གི་ཁྱིམ་ཚང་ཚོས་སོ་སོའི་བྱིས་པ་མང་པོ་ཞིག་ཕྱིའི་རྒྱལ་ཁབ་ནང་དུ་བུ་ཚབ་གསོ་ཉར་ཆེད་དུ་སྐྱེལ་དགོས་བྱུང་ཡོད་འདུག རྒྱ་ནག་གཞུང་གིས་བུ་ཕྲུག་གཅིག་ལས་སྐྱེད་མི་ཆོག་པའི་སྲིད་བྱུས་ཤིག ཕྱི་ལོ་༡༩༧༩ ནས་༢༠༡༥ བར་ལག་བསྟར་ནན་པོ་བྱས་ཡོད་པའི་རྐྱེན་གྱིས་ཁྱིམ་ཚང་མང་པོ་ཞིག་གི་ནང་དུ་བུ་ཕྲུག་གཅིག་ལས་མང་བ་ཡོད་ན་གཞུང་གིས་དཀའ་ངལ་འདྲ་མིན་སྤྲོད་ཀྱི་ཡོད་པར་བརྟེན། ཁྱིམ་ཚང་སོ་སོའི་བྱིས་པ་མང་པོ་ཞིག་ཕྱི་རྒྱལ་ཁག་ཏུ་བཏང་ནས་ཕྱི་རྒྱལ་གྱི་ཁྱིམ་ཚང་ཚོ་ལ་བུ་ཚབ་གསོ་ཉར་བྱེད་བཅུག་ཡོད་འདུག་ལ། དམིགས་བསལ་བུ་མོ་མང་པོ་ཞིག་ཕྱི་རྒྱལ་ལ་བཏང་ཡོད་འདུག རྒྱུ་མཚན་ནི་སྲོལ་རྒྱུན་གྱི་ལུགས་སྲོལ་ལྟར་བུ་ནི་ཁྱིམ་ཚང་གི་མ་འོངས་རྒྱུད་འཛིན་བྱེད་མཁན་ཡིན་འདུག་པས་བུ་དེ་ཙམ་མང་པོ་ཞིག་ཕྱི་རྒྱལ་དུ་བཏང་ཡོད་མི་འདུག
རྒྱ་ནག་གིས་ཕྱི་རྒྱལ་ལ་བུ་ཕྲུག་གཏོང་རྒྱུ་དེ་ཕྱི་ལོ ༡༩༩༢ ལོར་སྒོ་ཕྱེས་པ་ནས་བཟུང་། རྒྱ་ནག་གི་བྱིས་པ་ ༡༦༠,༠༠༠ ལྷག་འཛམ་གླིང་ཁྱོན་ཡོངས་ཀྱི་ཁྱིམ་ཚང་ཁག་འདྲ་མིན་ནང་བུ་ཚབ་གསོ་ཉར་བྱེད་བཅུག་ཡོད་འདུག རྒྱ་ནག་གི་བྱིས་པའི་རྒྱལ་སྤྱིའི་ཚོགས་པ་ཟེར་བ་དེས་གནས་ཚུལ་སྤེལ་གསལ་ལྟར་ན། བྱིས་པ་འདི་དག་གི་ཁྲོད་ནས་མང་ཆེ་བ་བུ་མོ་ཡིན་པ་དང་། ཨ་རི་གཅིག་པུའི་ནང་རྒྱ་ནག་གི་བྱིས་པ་༨༢,༠༠༠ ཙམ་བུ་ཚབ་གསོ་ཉར་ཆེད་དུ་བཏང་ཡོད་འདུག
རྒྱ་ནག་གི་ཕྱི་དྲིལ་ལྷན་ཁང་གི་མགྲིན་ཚབ་པ་མའོ་ཉིང་ཟེར་བས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྱུར་འགྲོས་དང་མཐུན་པའི་ཐོག་ནས་ཕྱི་རྒྱལ་དུ་བུ་ཚབ་གསོ་ཉར་ཆེད་དུ་གཏོང་རྒྱུའི་སྲིད་བྱུས་ལ་བསྒྱུར་བཅོས་བཏང་ཡོད་པ་དང་། ཕྱི་རྒྱལ་བ་རྒྱ་ནག་ལ་ཡོང་ནས་བུ་ཚབ་གསོ་ཉར་བྱེད་སྐབས། ཁྲག་རུས་གཅིག་པའི་མི་རབས་གསུམ་གྱི་ནང་གི་མི་རབས་གཅིག་པའི་གཉེན་ཉེ་ཡི་བུ་ཕྲུག་བུ་ཚབ་གསོ་ཉར་བྱེད་པ་ཕུད། གཞན་རྒྱ་ནག་གིས་ཕྱི་རྒྱལ་དུ་བུ་ཚབ་གསོ་ཉར་ཆེད་དུ་སྐྱེལ་རྒྱུ་མིན་ཞེས་ཕྱི་ཚེས་ ༤ ཉིན་བརྗོད་འདུག ཁོང་མོས་ང་ཚོས་རྒྱ་ནག་གི་བྱིས་པ་བུ་ཚབ་གསོ་ཉར་བྱེད་འདོད་ཡོད་པའི་ཕྱི་རྒྱལ་གྱི་གཞུང་དང་ཁྱིམ་ཚང་ཚོར་ཁོང་ཚོའི་དམིགས་ཡུལ་བཟང་པོ་དང་། བྱམས་བརྩེ། བཀའ་དྲིན་བཅས་ལ་བསྔགས་བརྗོད་ཞུ་བཞིན་ཡོད་ཅེས་བརྗོད་འདུག་པ་དང་། ད་ལྟའི་ཆར་རྒྱ་ནག་ནས་བྱིས་པ་བུ་ཚབ་གསོ་ཉར་བྱེད་བཞིན་པའི་ཁྱིམ་ཚང་ཚོར་ཅི་ཞིག་འབྱུང་མིན་གསལ་པོ་གང་ཡང་བརྗོད་ཡོད་མི་འདུག
སྲིད་བྱུས་འདི་བསྒྱུར་བཅོས་བྱས་པ་ནི་རྒྱ་ནག་གི་མི་འབོར་ལོ་གཉིས་བསྟུད་མར་ཉུང་དུ་ཕྱིན་པའི་རྗེས་སུ། སྲིད་བྱུས་འཆར་འགོད་པ་ཚོས་ན་གཞོན་ཚོས་གཉེན་སྒྲིག་བྱེད་པ་དང་བུ་ཕྲུག་སྐྱེད་སྲིང་བྱེད་རྒྱུའི་སྐུལ་མ་གཏོང་བཞིན་པའི་སྐབས་སུ་ཡོང་བ་ཞིག་རེད་འདུག ད་ཆར་རྒྱ་ནག་ནི་འཛམ་གླིང་ནང་ཕྲུ་གུ་སྐྱེ་གྲངས་དམའ་ཤོས་གྲས་ཤིག་ཡིན་འདུག་པར་བརྟེན། གཞུང་གིས་བུད་མེད་གཞོན་ནུ་མ་ཚོར་བུ་ཕྲུག་མང་པོ་སྐྱེ་དགོས་པའི་སྐུལ་མ་གཏོང་ཐབས་བྱེད་བཞིན་ཡོད་འདུག་ཀྱང་། མང་པོ་ཞིག་གིས་བྱིས་པ་གསོ་སྐྱོང་གི་འགྲོ་གྲོན་ཆེ་བ་དང་། ལས་ཀའི་བདེ་འཇགས་ལ་སེམས་ཁྲལ། དེ་བཞིན་འཛམ་གླིང་དཔལ་འབྱོར་ཆེ་ཤོས་གཉིས་པའི་འཕེལ་རྒྱས་ཀྱི་མྱུར་ཚད་ཇེ་དལ་དུ་འགྲོ་བཞིན་པའི་རྐྱེན་གྱིས་མ་འོངས་པའི་གནས་སྟངས་ལ་སེམས་ཁྲལ་བྱེད་བཞིན་ཡོད་འདུག
རྒྱ་ནག་གིས་ ༡༩༧༩ ནས་ ༢༠༡༥ བར་མི་འབོར་ཉུང་དུ་གཏོང་ཆེད་བུ་ཕྲུག་གཅིག་མ་གཏོགས་སྐྱེ་མི་ཆོག་པའི་སྲིད་བྱུས་ནན་པོ་ལག་བསྟར་བྱས་ཡོད་འདུག་པ་དང་། ཁྱིམ་ཚང་ཚོར་བུ་ཕྲུག་གཅིག་མ་གཏོགས་སྐྱེ་མི་ཆོག་པའི་དུས་སྐབས་སུ། ཁྱིམ་ཚང་མང་པོ་ཞིག་གིས་བུ་ཕྲུག་གཅིག་ལས་མི་སྐྱེ་རྒྱུའི་གདམ་ཀ་བྱས་ཡོད་འདུག དེ་ནི་སྲོལ་རྒྱུན་ལྟར་བུ་ནི་ཁྱིམ་ཚང་གི་འཚོ་གནས་ཀྱི་ལྟ་སྐྱོང་བྱེད་མཁན་གཙོ་བོ་ཡིན་པར་བསམ་ནས། བུ་མོ་རྣམས་བུ་ཚབ་གསོ་ཉར་བྱེད་པར་སྤྲད་ཡོད་འདུག རྒྱ་ནག་གིས་རྒྱལ་སྤྱིའི་ནང་བུ་ཚབ་གསོ་ཉར་བྱེད་འཇུག་རྒྱུ་མཚམས་འཇོག་བྱས་པ་དེ་ནི། ཕྱི་ཟླ་ ༥ པའི་ནང་(Netherland)ནེ་ཐན་ལན་ཌི་རྒྱལ་ཁབ་ཀྱིས་ཕྱི་རྒྱལ་ནས་བུ་ཕྲུག་བུ་ཚབ་གསོ་ཉར་བྱ་རྒྱུར་བཀག་འགོག་བྱས་པའི་རྗེས་སུ་བྱུང་བ་ཞིག་ཡིན་པར་བརྗོད། དེ་བཞིན(Denmark)ཌེན་མཱག་ཏུ་ཡང་བུ་ཚབ་གསོ་ཉར་མི་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།