རྒྱ་ནག་གི་ཚོང་རྫས་རྫུན་མ་དང་བོད་ཀྱི་སྤྲུལ་རྫུན་རྒྱ་ལྷ།

ནམ་མཁའ།
༡༩༤༩ ལོར་རྒྱ་ནག་རྒྱལ་ཡོངས་དམར་ཕྱོགས་ཚོགས་པས་དབང་བསྒྱུར་བྱས་པ་ནས་བཟུང་། སྲིད་གཞུང་གི་དབང་ཆ་སྒེར་གཅོད་པ་ཚོས་གཞུང་སྲིད་ལམ་ལུགས་ལ་སྐེག་ཚོས་བྱུགས་ཏེ།རྫུན་གཏམ་གྱི་ལམ་ནས་མི་མང་ལ་མགོ་སྐོར་བཏང་སྟེ་དུས་རབས་ཕྱེད་ཀ་ཕྱིན། དེ་ཡང་མགོ་སྐོར་ཀྲུང་དབྱངས་ནས་ཞིང་ཆེན་དང་།ཞིང་ཆེན་ནས་ཁུལ་དང་རྫོང་བར་མགོ་སྐོར་གཏོང་སྟངས་མཐར་ཕྱིན་པ་བསླབས།

ནམ་མཁའ།

༡༩༤༩ ལོར་རྒྱ་ནག་རྒྱལ་ཡོངས་དམར་ཕྱོགས་ཚོགས་པས་དབང་བསྒྱུར་བྱས་པ་ནས་བཟུང་། སྲིད་གཞུང་གི་དབང་ཆ་སྒེར་གཅོད་པ་ཚོས་གཞུང་སྲིད་ལམ་ལུགས་ལ་སྐེག་ཚོས་བྱུགས་ཏེ།རྫུན་གཏམ་གྱི་ལམ་ནས་མི་མང་ལ་མགོ་སྐོར་བཏང་སྟེ་དུས་རབས་ཕྱེད་ཀ་ཕྱིན། དེ་ཡང་མགོ་སྐོར་ཀྲུང་དབྱངས་ནས་ཞིང་ཆེན་དང་།ཞིང་ཆེན་ནས་ཁུལ་དང་རྫོང་བར་མགོ་སྐོར་གཏོང་སྟངས་མཐར་ཕྱིན་པ་བསླབས།རིམ་གྱིས་འོག་གི་གཞི་རིམ་ནས་ཀྱང་ཤང་ནས་རྫོང་དང་ཁུལ། ཁུལ་ནས་ཞིང་ཆེན་དེ་ནས་པེ་ཅིན་བར་དུ་འོག་རིམ་ནས་ཡར་གོང་རིམ་ལ་མཛེས་བཟོ་སྐེག་ཚོས་བྱུགས་ཏེ། རྫུན་གྱི་གོང་བུ་སྒྲིག་སྟངས་མཐར་ཕྱིན་པ་ཞིག་ཤེས། འདི་ལྟར་གོང་རིམ་ནས་འོག་རིམ་དང་། འོག་རིམ་ནས་ཀྱང་ཕྱིར་ཡར་གོང་རིམ་ལ་རྫུན་གཏམ་གྱི་གནས་ཚུལ་སྤྲོད་སྟངས་བྱང་ཆ་ཆེ་རུ་ཕྱིན་ཏེ་མཐར་མི་མང་དཀྱུས་མ་ཚོའི་ནང་ཡང་ཕན་ཚུན་ལ་མགོ་སྐོར་དང་རྫུན་གཏམ་ལ་བྱང་ཆ་ཕྱིན།

འདི་ལྟར་རྒྱ་ནག་སྲིད་གཞུང་གིས་རྫུན་གཏམ་གྱིས་མགོ་སྐོར་གཏོང་སྟངས་མི་མང་ལ་བསླབས་ཏེ་འགོ་ནད་བཞིན།དེང་སང་རྒྱལ་ཡོངས་སུ་ཁྱབ་སྟེ་འགོ་ནད་འདི་འགོག་ཐབས་མ་རྙེད་པར་དཀའ་ངལ་ནང་ལྷུང་ཡོད།དཔེ་མཚོན་སྟབས་བདེ་ཞིག་གི་སྒོ་ནས་བཤད་ན།གོང་རིམ་གྱི་སྲིད་དབང་སྒེར་གཅོད་པ་ཚོས་དབང་ཆ་བེད་སྤྱད་དེ་མི་མང་གི་ལག་ནས་ལྐོག་ཟ་རུལ་སུངས་ཀྱི་དངུལ་འབོར་ཆེན་བླངས་ཏེ།འཛམ་གླིང་གི་ཕྱུག་བདག་གྲལ་དུ་སླེབས་དུས།མི་མང་དཀྱུས་མ་ཚོས་ཀྱང་རང་གི་དཔལ་འབྱོར་གོང་འཕེལ་གྱི་ཆེད་དུ་ཚོང་རྫས་རྫུན་མ་བཟོ་འགོ་བརྩམས།

ཚོང་རྫས་རྫུན་མ་གྱོན་ཆས་ཙམ་མ་ཡིན་པར་སྨན་དང་ཟས་རིགས་སོགས་རྫུན་མ་བཟོས་ཏེ། བྱིས་པ་གཙོས་པས་མི་སྟོང་ཕྲག་མང་པོའི་འཕྲོད་བསྟེན་ལ་གནོད་སྐྱོན་ཐེབས་ཡོད་པ་མ་ཟད། བྱིས་པ་མང་པོ་ཞིག་གི་ཚེ་སྲོག་ཡང་ཤོར་ཡོད།འདི་ལྟར་དཔལ་འབྱོར་འགྲན་རྩོད་ཀྱི་ལམ་ནས་ཐ་ན་མི་གསོན་པོའི་དབང་པོ་དོན་ལྔ་བླངས་ཏེ་བཙོང་པའི་གནས་རིམ་ལ་སླེབས། དེས་རྐྱེན་རྒྱ་ནག་ཀུན་སྤྱོད་དཀའ་ངལ་ཆེན་པོ་ཞིག་གི་ནང་དུ་ལྷུང་། ཡིན་ཡང་ཁྲིམས་ཡང་དག་པ་ཞིག་གིས་ད་རུང་ཡང་དབང་བསྒྱུར་བྱེད་ཐུབ་མེད།

སྤྱིར་ཁྲིམས་ཀྱིས་བསྐྱངས་བའི་རྒྱལ་ཁབ་ཚད་ལྡན་ཞིག་ཡིན་ཚེ། སྨན་དང་ཟས་རིགས་ཐ་ན་སྣོད་ཆས་ཡན་བར་ཁྲིམས་ལྟར་མི་མང་གི་འཕྲོད་བསྟེན་ལ་གནོད་པ་ཡོད་མེད་ཚོད་ལྟའི་བརྟག་དཔྱད་བྱས་ཏེ། གནོད་པ་མེད་ཚེ་ཕྱི་ལ་ཚོང་འགྲེམས་བྱས་ཆོག་པ་ཞིག་རེད། གལ་ཏེ་གཟུགས་པོའི་འཕྲོད་བསྟེན་ལ་གནོད་པ་ཡོད་ཚེ་ཕྱི་ལ་ཚོང་འགྲེམས་བྱེད་མི་ཆོག་པ་མ་ཟད། བཟོ་གྲྭ་དེའི་སྒོ་རྒྱག་དགོས་བ་དང་ད་རུང་བཟོ་གྲྭའི་སྦྱིན་བདག་ཀྱང་བཙོན་ཁང་ལ་འགྲོ་དགོས། འདི་ནི་ཁྲིམས་ཀྱིས་སྐྱོང་བཞིན་པའི་རྒྱལ་ཁབ་ཚད་ལྡན་ཞིག་གི་འགྲོ་ལུགས་རེད།ཡིན་ན་ཡང་རྒྱ་ནག་གི་སྲིད་གཞུང་དེ་ལྟར་མ་ཡིན་པར་ཟས་རིགས་སོགས་ཚོང་རྫས་གང་ཡིན་གྱི་བཟོ་གྲྭའི་ནང་བརྟག་དཔྱད་བྱེད་དུ་སླེབས་ཀྱང་། གོང་དུ་ཞུས་པ་ལྟར་སྲིད་གཞུང་གིས་གཅིག་གིས་གཅིག་ལ་རྫུན་གྱིས་མགོ་སྐོར་གཏོང་སྟངས་ཡག་པོ་བསླབས་ཡོད་པས། བརྟག་དཔྱད་བྱེད་མཁན་ཚོ་ཡང་བཟོ་གྲྭའི་སྦྱིན་བདག་གིས་དངུལ་དང་ཟས་རིགས་ཞིམ་པོ་དག་གིས་རྫུན་གྱི་ཚོང་རྫས་ལ་སྐེག་ཚོས་བྱུགས་ཏེ་ཁ་བཙུམ་དུ་བཅུགས་ཡོད། འདི་ལྟར་ཚོང་རྫས་རྫུན་མ་ནས་འགོ་བརྩམས་ཏེ་རྒྱ་ནག་གི་མི་མང་པོ་ཞིག་ཕྱུག་བདག་དང་དཔལ་འབྱོར་ཆུ་ཚད་འབྲིང་ཙམ་ལ་སླེབས་དུས། ཁོ་རང་ཚོའི་སེམས་སུ་དངུལ་གྱིས་ཉོ་ཐབས་མེད་པའི་སྡུག་བསྔལ་གསར་བ་ཞིག་སླེབས།

གཉིས་པ། བོད་ཀྱི་སྤྲུལ་རྫུན་རྒྱ་ལྷའི་རླུང་རྟ།

རྒྱ་ནག་གི་ཕྱུག་བདག་མང་པོ་ཞིག་གི་སེམས་སུ་བཅོས་ཐབས་དཀའ་བའི་སྡུག་བསྔལ་མྱོང་བཞིན་པའི་སྐབས། རྒྱ་ནག་གི་ཕྱུག་བདག་སྐོར་ཞིག་གིས་ཐེ་ཝན་ནས་པར་སྐྲུན་བྱས་བའི་༧གོང་ས༧མཆོག་གི་བཀའ་སློབ་དང་ནང་ཆོས་ངོ་སྤྲོད་སོགས་ཀྱི་དེབ་ཀློག་མགོ་བརྩམས་ཏེ་རང་གི་སེམས་ཀྱི་སྡུག་བསྔལ་སེལ་ཐབས་བྱས། རིམ་གྱིས་བོད་ཀྱི་ནང་བསྟན་ལ་དོ་སྣང་ཆེ་རུ་ཕྱིན་ཡོད་པ་མ་ཟད། ཁ་ཤས་བསམ་བཞིན་བོད་ནང་དུ་སླེབས་ཏེ་བོད་ཀྱི་བླ་སྤྲུལ་འགའ་རེ་དང་དགེ་བཤེས་འགའ་རེ་རྒྱ་ནང་ལ་གདན་འདྲེན་ཞུས་ཏེ་ནང་ཆོས་བཤད་དུ་བཅུགས་ཏེ་ཆོས་ཚོགས་འཛུགས་མགོ་བརྩམས་ཡོད།

ཐབས་སྐྱོ་བ་ཞིག་ལ། དེ་འདྲའི་སྐབས་དེར་རྒྱ་རིགས་ཕྱུག་བདག་ཚོའི་སེམས་སུ་སྤྲུལ་སྐུ་ཞིག་གི་མིང་ཐོགས་ཡོད་ཚེ།ནང་ཆོས་ཀྱི་ཤེས་ཚད་ཡོད་མེད་ལ་མ་ལྟོས་བར་དད་པ་བྱེད་རྐྱང་བྱས་ཏེ། ཁ་ཤས་ཤིག་ལ་ཕན་ཐོགས་ཀྱང་བྱུང་ཡོད་ཚོད་རེད། ཡིན་ཡང་རིམ་གྱིས་བོད་ནང་གི་སྤྲུལ་སྐུ་རྫུན་མ་དང་གྲྭ་བ་རྫུན་མ་མང་པོ་རྒྱ་ནང་ལ་སླེབས་ཏེ་ནང་ཆོས་ཀྱི་ཚོང་རྒྱག་མགོ་བརྩམས་པ་རེད། སྤྲུལ་སྐུ་རྫུན་མ་དང་གྲྭ་བ་རྫུན་མ་ཁ་ཤས་ཤིག་གི་ལག་ཏུ་དངུལ་མང་པོ་རག་ཡོད་པ་མ་ཟད། བུ་མོ་མཛེས་མ་མང་པོར་ཡང་ལུས་འབྲེལ་བཞག་སྟེ་མངལ་ཡང་སྦྲུམས་པའི་རྗེས། བོད་ཀྱི་སྤྲུལ་རྫུན་དེ་ཚོར་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་མང་པོ་ཞིག་དྲ་ཐོག་ཏུ་འཁྱམས་ཡོད་པ་མ་ཟད། རྒྱ་ནག་གི་འགོ་ཁྲིད་ནང་ཆོས་ལ་དད་མཁན་འགའ་རེ་རྒྱ་གར་དུ་སླེབས་ཏེ་༧གོང་ས་༧མཆོག་ལ་སྤྲུལ་སྐུ་རྫུན་མ་དང་གྲྭ་བ་རྫུན་མ་དེ་ཚོར་འགོག་ཐབས་ཤིག་གནང་རོགས་ཞེས་ཞུས་ཡོད།

རྗེས་ནས་རྒྱ་ནག་སྲིད་གཞུང་གིས་ཀྱང་གནས་ཚུལ་དེ་འགོག་ཐབས་སུ་སྤྲུལ་སྐུའི་དཔང་རྟགས་ཀྱི་ལག་ཁྱེར་སྤྲད་འགོ་བརྩམས། ཡིན་ཡང་ད་རུང་ཡང་དེ་འགོག་ཐབས་མ་རྙེད་པར་དེང་སང་རྒྱ་ནག་གི་གསར་ཤོག་འགའ་རེ་ནང་དུ་ཡང་གནས་ཚུལ་འགའ་རེ་བཏོན་ཡོད། སྤྲུལ་སྐུའི་དཔང་རྟགས་ལག་ཁྱེར་ཡོད་ཀྱང་། ནང་ཆོས་ཀྱི་ཤེས་ཚད་ཅི་ཡང་མེད་མཁན་མང་པོ་ཞིག་ཀྱང་རྒྱ་ནང་ལ་སོང་ནས་སྦྱིན་བདག་རེ་རག་ཐབས་འབད་ཀྱི་ཡོད་པ་མ་ཟད། ཁ་ཤས་དེ་གར་ནས་རང་རྒྱུད་ཀྱི་ཚུལ་ཁྲིམས་ཀྱང་ལྟུང་ནས་ཕྱིར་རང་གི་དགོན་པའི་ནང་ཡོང་ཡོད་པ་མང་པོ་ཞིག་ཡོད།

མ་ཟད་ད་རུང་བོད་ནང་གི་དགོན་པ་ཆེ་ཆུང་གང་ཡིན་གི་བླ་མ་གྲྭ་བ་ཤེས་ཡོན་ཡོད་མེད་གཉིས་ཀའི་རྒྱ་ནང་གི་རྒྱ་རིགས་ཕྱུག་པོ་འགའ་རེ་ཚུར་རང་གི་དགོན་པའི་ནང་ཁྲིད་ཡོང་ཐུབ་ཚེ། བླ་མ་དང་དེ་དང་གྲྭ་བ་དེ་ཚོ་འཇོན་ཐང་ཅན་དུ་བརྩི་བའི་ལུགས་སྲོལ་ངན་པ་ཞིག་བོད་ནང་དུ་འཁྱམས། གང་ལྟར་ཡང་ཕྲན་གྱིས་བཤད་འདོད་པ་གཙོ་བོ་ནི། སྤྲུལ་སྐུ་དངོས་རྫུན་གང་ཡིན་ཡང་ཆོག

བོད་ཀྱི་ནང་ཆོས་དེ་ཕར་རྒྱ་རིགས་ཚོར་ངོ་སྤྲོད་ཚུལ་དང་མཐུན་པའི་ཡང་དག་པ་ཞིག་བྱེད་ཐུབ་ཚེ།སྤྲུལ་སྐུའི་དཔང་རྟགས་ལག་ཁྱེར་ཡོད་མེད་ལ་མ་བལྟས་བར་འགྲིག་གི་རེད།

ཡིན་ཡང་བོད་ཕྱི་ནང་གང་ཡིན་ཡང་སྤྲུལ་སྐུ་ཕལ་ཆེར་གྱིས་ནང་ཆོས་སློབ་གཉེར་ཕྱོགས་ལ་བརྩོན་འགྲུས་ཡག་པོ་ཞིག་གྲྭ་བ་དཀྱུས་མ་བཞིན་བྱས་མེད་པ་མ་ཟད།ཁོང་ཚོར་སྐྱིད་ཉལ་རྒྱག་རྒྱུར་དགའ་བ་དང་ཁོང་ཚོའི་སེམས་སུ་ཡང་སྐྱེས་ཆེན་དམ་པ་ཞིག་གི་སྤྲུལ་སྐུ་ཡིན་མདོག་གི་རྣམ་པ་བསྟན་ནས་འདུག་འདོད་ཡོད། དེ་ཚོའི་གྲལ་གྱིས་བོད་ཀྱི་ནང་ཆོས་དང་ནང་ཆོས་ཀྱི་མཁས་དབང་མང་པོ་ཞིག་གི་ཞབས་ནས་འཐེན་བཞིན་འདུག

གང་ལྟར་ཀྱང་ཐོག་མར་ནང་ཆོས་ཀྱི་ཚོང་རྒྱབ་སྟེ་འཚོ་བ་རོལ་མགོ་བརྩམས་མཁན་བཙན་བྱོལ་སྤྱི་ཚོགས་ཆགས་ཡོད།བཙན་བྱོལ་སྤྱི་ཚོགས་ཀྱི་སྤྲུལ་སྐུ་ཁ་ཤས་ཀྱིས་ཕྱི་རྒྱལ་གྱི་བུ་མོ་མགོ་སེར་མ་ཚོར་ལུས་འབྲེལ་བཞག་སྟེ། ཁྲིམས་ཁང་ལ་ཐུགས་པའི་གནས་ཚུལ་ཡང་འགའ་རེ་བྱུང་ཡོད་པ་མ་ཟད། བཙན་བྱོལ་སྤྱི་ཚོགས་ཀྱི་བོད་ཡིག་དམངས་གཙོ་གསར་ཤོག་ཐོག་བཏོན་མྱོང་ཡོད། ད་རུང་སྤྲུལ་སྐུ་དེ་ཚོས་ཆོས་ཚོགས་ཕན་ཚུན་བར་གྱི་སྦྱིན་བདག་འཕྲོག་རེས་ཀྱི་རྙོག་དྲ་ཡང་མང་པོ་བསླངས་ཡོད།

དགོད་བྲོ་བ་ཞིག་གམ་ཡང་ན་ཐབས་སྐྱོ་བ་གང་ཞིག་བཤད་དགོས་པ་ཡང་མི་ཤེས་མོད།འོན་ཀྱང་།དེང་སང་རྒྱ་ནང་གི་རྒྱ་རིགས་འགའ་ཤས་ཀྱིས་གྲྭ་ཆས་གྱོན་ཏེ།ཕྱིར་བོད་ནང་དུ་བོད་རིགས་ཚོར་མགོ་སྐོར་གཏོང་མགོ་བརྩམས་ཡོད། རྒྱ་རིགས་འགས་བོད་ཀྱི་གྲྭ་བར་བརྫུས་ཏེ་བོད་ནང་དུ་སློང་མོ་བྱེད་བཞིན་ཡོད་པ་དྲ་ཐོག་ཏུ་འཁྱམས་ཡོད་པས། བོད་ཀྱི་ནང་ཆོས་ནི་ཚོང་རྫས་ཤིག་ཏུ་གྱུར་འདུག
མཐའ་མའི་རེ་བ་ཞིག་ནི། ཆོས་རྫུན་བཤད་དེ་མགོ་བོ་སྐོར་མཁན་གྱི་སྤྲུལ་སྐུ་དངོས་རྫུན་སུ་ཡིན་ཡང་། སངས་རྒྱས་ཀྱི་བསྟན་པར་བསམ་གཞིགས་བྱེད་མི་ཐུབ་ཀྱང་བོད་མི་རིགས་ཀྱི་ལ་རྒྱ་གད་སྙིགས་ནང་མ་གཡུགས་རོགས་ཞེས་རེ་འབོད་ཞུ་ཡི་ཡོད།

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།