རྒྱ་ནག་གི་ཚོང་ལས་ཆེན་པོ་ཞིག་ཨ་རིའི་མ་རྐང་ཁྲོམ་ར་ནས་ཕྱིར་འཐེན་བྱས་འདུག
ཨ་རི་དང་རྒྱ་ནག་གཉིས་བར་གྱི་འགལ་ཟླ་དང་དོགས་པ་ལ་བརྟེན་ནས། རྒྱ་ནག་གི་ཚོང་ལས་ཁང་མང་པོ་ཞིག་ཨ་རི་ནང་དུ་ཚོང་ལས་གཉེར་རྒྱུ་ཁག་ཏུ་འགྲོ་བཞིན་ཡོད་ཁར། རྒྱ་ནག་གི་ཁྲིམས་གསར་པ་ཁག་ཅིག་ལ་བརྟེན་ནས་ཚོང་ལས་ཁང་གི་མ་རྐང་ཨ་རིའི་ནང་དུ་འཚོང་རྒྱུ་ཁག་པོ་ཆགས་བཞིན་འདུག
ཨ་རི་དང་རྒྱ་ནག་གཉིས་བར་གྱི་འགལ་ཟླ་དང་དོགས་པ་ལ་བརྟེན་ནས། རྒྱ་ནག་གི་ཚོང་ལས་ཁང་མང་པོ་ཞིག་ཨ་རི་ནང་དུ་ཚོང་ལས་གཉེར་རྒྱུ་ཁག་ཏུ་འགྲོ་བཞིན་ཡོད་ཁར། རྒྱ་ནག་གི་ཁྲིམས་གསར་པ་ཁག་ཅིག་ལ་བརྟེན་ནས་ཚོང་ལས་ཁང་གི་མ་རྐང་ཨ་རིའི་ནང་དུ་འཚོང་རྒྱུ་ཁག་པོ་ཆགས་བཞིན་འདུག
ཟླ་༥ པའི་ཚེས་༢༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་ནག་གི་རླངས་འཁོར་གླ་ཆེད་ཀྱི་མཉེན་ཆས་བཟོ་མཁན་ཚོང་ལས་ཁང་ཌི་ཌི་(Didi) ཞེས་པ་དེའི་མ་རྐང་རྣམས། འཛམ་གླིང་གི་མ་རྐང་ཁྲོམ་ར་ཆེ་ཤོས་ཨ་རིའི་མ་རྐང་ཁྲོམ་ར་ནང་དུ་བཙོང་རྒྱུ་འགོ་བཙུགས་ནས་ལོ་༡ མ་ཟིན་པའི་སྐབས་དེར། ཚོང་ལས་ཁང་དེའི་མ་རྐང་གི་བདག་པོ་མང་ཆེ་བས་ཨ་རིའི་མ་རྐང་ཁྲོམ་ར་ནས་ཕྱིར་འཐེན་བྱེད་རྒྱུར་རྒྱབ་སྐྱོར་བྱས་འདུག
དེ་ཡང་སྤྱིར་བཏང་ཨ་རིའི་མ་རྐང་ཁྲོམ་ར་ནི་རྒྱལ་སྤྱིའི་ནང་མ་རྐང་ཁྲོམ་ར་ཆེ་ཤོས་ཡིན་ཁར། ཁེ་བཟང་དང་གོ་སྐབས་ཀྱང་ཆེན་མོ་ཡོད་པ་རེད་དེ། རྒྱ་ནག་གི་ཚོང་ལས་ཁང་དེའི་མ་རྐང་རྣམས་ཨ་རི་ནས་ཕྱིར་འཐེན་བྱེད་དགོས་དོན་ནི། ཚོང་ལས་ཁང་དེའི་ཐོག་ཏུ་རྒྱ་ནག་གཞུང་གི་དྲ་ཐོག་བདེ་འཇགས་རྟོག་ཞིབ་ལས་དོན་གང་མགྱོགས་ཚར་བ་བྱས་ཏེ། ཧོང་ཀོང་གི་མ་རྐང་ཁྲོམ་རར་ཚོང་ལས་གཉེར་ནས། རྒྱ་ནག་ནང་དུ་རྒྱུན་གཏན་ལས་དོན་སྤེལ་ཐུབ་ཆེད་རེད་འདུག དེ་ཡང་རྒྱ་ནག་གཞུང་གིས་རྒྱལ་ཁབ་དེའི་ནང་གི་འཕྲུལ་རིག་ཚོང་ལས་ཁང་ཆེ་གྲས་རྣམས་ལ་སྟངས་འཛིན་ཤུགས་ཆེ་རུ་གཏོང་བཞིན་པ་དང་ཐད་ཀར་འབྲེལ་བ་ཡོད་པ་རེད་འདུག
ཨ་རིའི་མ་རྐང་ཁྲོམ་རའི་སྒྲིག་འཛུགས་ནང་དུ། ཕྱིའི་རྒྱལ་ཁབ་ཁག་གི་ཚོང་ལས་ཁང་ཚོའི་མ་རྐང་ཨ་རིའི་ཁྲོམ་རའི་ནང་དུ་འཚོང་བར། ཚོང་ལས་ཁང་དེ་ཚོའི་རྩིས་ཁྲ་གསལ་པོ་རྩིས་ཞིབ་པར་བསྟན་དགོས་ཀྱི་ཡོད་ཁར། ཚོང་ལས་ཁང་དེ་དག་གཞུང་དང་གཞུང་འབྲེལ་སྒྲིག་འཛུགས་ཀྱིས་བདག་གཉེར་བྱེད་ཀྱི་ཡོད་མེད་གསལ་སྟོན་བྱེད་དགོས་ཀྱི་ཡོད་འདུག གལ་ཏེ་སྒྲིག་འཛུགས་དེ་དག་དང་ལེན་མ་བྱས་ཚེ་ཨ་རིའི་མ་རྐང་ཁྲོམ་རར་ནས་ཕྱིར་འབུད་གཏོང་གི་ཡོད་འདུག འོན་ཀྱང་རྒྱ་ནག་གཞུང་གིས་གལ་ཏེ་རྒྱ་ནག་གི་ཚོང་ལས་ཁང་ཆེ་ཁག་དེ་དག་གིས་རྩིས་ཁྲ་དང་གནས་ཚུལ་ཞིབ་ཕྲ་ཨ་རིར་མཁོ་སྤྲོད་བྱས་ཚེ། གནས་ཚུལ་གལ་ཆེན་མང་པོ་ཞིག་ཨ་རིའི་གཞུང་ལ་ཐོབ་ཉེན་ཡོད་པའི་སེམས་འཚབ་བྱེད་ཀྱི་ཡོད་འདུག་པས། ལོ་སྔོན་མར་རྒྱ་ནག་གཞུང་གིས་གྲངས་ཐོ་སྲུང་སྐྱོབ་ཀྱི་ཁྲིམས། སྒེར་གྱི་གནས་ཚུལ་སྲུང་སྐྱོབ་ཀྱི་ཁྲིམས་ཞེས་པ་གཉིས་ངོ་སྤྲོད་བྱས་ཡོད་འདུག་པས། ཁྲིམས་དེ་དག་ལ་བརྟེན་ནས་རྒྱ་ནག་གི་འཕྲུལ་རིག་ཚོང་ལས་ཌི་ཌི་ལྟ་བུ་དང་། དེ་བཞིན་བརྙན་ཐུང་བཟོ་སྐྲུན་གྱི་མཉེན་ཆས་ཚོང་ལས་ཁང་ཀྲིག་ཀྲོག་སོགས་ཀྱིས་མཉེན་ཆས་བཀོལ་སྤྱོད་པའི་གནས་ཚུལ་དང་གྲངས་ཐོ་གསོག་འཇོག་བྱེད་ཀྱི་ཡོད་པས། ཨ་རིའི་མ་རྐང་ཁྲོམ་རར་ཚོང་རྒྱག་རྒྱུ་ཁག་པོ་ཆགས་བཞིན་ཡོད་འདུག
དཔྱད་བརྗོད་པ་ཁག་ཅིག་གིས་ཨ་རི་དང་རྒྱ་ནག་གཞུང་གཉིས་བར་གྱི་འགལ་ཟླ་ལ་བརྟེན་ནས། ཕྱོགས་གཉིས་བར་གྱི་ཚོང་ལས་ཁང་ཚོའི་ལས་དོན་ལ་དོ་ཕོག་ཆེན་པོ་འགྲོ་རྒྱུ་ཡིན་པ་དང་། ཕྱིས་སུ་ཕྱོགས་གཉིས་བར་འགྲིག་འཇགས་བྱུང་སྲིད་ཀྱང་། དེ་སྔོན་ཕྱི་ལོ་༢༠༡༧ ནས་༢༠༡༩ བར་དུ་ཨ་རིའི་མ་རྐང་ཁྲོམ་རར་རྒྱ་ནག་གི་ཚོང་ལས་ཁང་མང་པོས་མཉམ་ཞུགས་བྱས་པ་ལྟ་བུ་བྱུང་རྒྱུ་ཁག་པོ་ཡིན་སྐོར་བརྗོད་བཞིན་འདུག
རྒྱ་ནག་གི་ཚོང་ལས་ཁང་མང་པོ་ཞིག་གི་ཤུགས་རྐྱེན་དེ་རྒྱལ་ནང་མ་ཟད་རྒྱལ་སྤྱིའི་ནང་དུ་ཡང་ཆེ་རུ་འགྲོ་བཞིན་པ་དང་བསྟུན། རྒྱ་ནག་གཞུང་གིས་ཚོང་ལས་ཁང་དེ་དག་སྟངས་འཛིན་བྱེད་ཆེད་དུ་ཁྲིམས་འདྲ་མིན་ཁ་ལ་གཡར་ནས་མགོ་གནོན་ཐབས་བྱེད་བཞིན་ཡོད་འདུག དེ་ཡང་ཕྱི་ལོ་༢༠༢༠ ལོར་རྒྱ་ནག་གི་ཚོང་པ་སྐད་གྲགས་ཆེ་ཤོས་མཱ་ཡི་ཇཱེག་ཚོང་ལས་ཁང་ཨཱ་ལི་བྷ་བྷ་ཡི་ཡན་ལག་དཔལ་འབྱོར་ཚོང་ལས་སྡེ་ཚན་(Ant Group) ཡི་མ་རྐང་ཁྲོམ་རར་གསར་ཞུགས་ཀྱི་ལས་དོན་བཀག་འགོག་བྱས་ཏེ། ཨ་སྒོར་ཐེར་འབུམ་མང་པོ་གྱོང་གུད་རག་ཡོད་ཁར། ཕྱིས་སུ་ཚོང་ལས་ཁང་དེར་ཨ་སྒོར་ཐེར་འབུམ་༢.༨ ཉེས་ཆད་བཏང་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།