རྒྱ་ནག་གི་རྐང་པོལ་ལྷན་ཚོགས་ཀྱི་འགོ་ཁྲིད་ཟུར་པ་འགའ་ལྐོག་ཟའི་དོན་རྐྱེན་འོག་ལོ་༡༡ ནས་ཚེ་བཙོན་བར་ཐག་བཅད།

ལྷོ་རྒྱ་ནག་གི་ཞོགས་པའི་ཆ་འཕྲིན་གྱི་པར།

རྒྱ་གཞུང་གིས་སྟག་དང་སྦྲང་མ་མཉམ་རྡུང་གི་ལས་འགུལ་འོག་དམར་ཤོག་གི་དཔོན་རིགས་མང་པོ་ཞིག་ལྐོག་ས་རུལ་སུངས་ཀྱི་དོན་རྐྱེན་དང་དེའི་མིང་ཐོག་ནས་འཇུ་བཟུང་བྱེད་ཀྱི་ཡོད་པ་བཞིན། དེ་རིང་གཟའ་ཟླ་བའི་ཉིན་རྒྱ་ནག་གི་རྐང་པོལ་ལྷན་ཚོགས་ཀྱི་འགོ་ཁྲིད་ཟུར་པ་གཉིས་ལྐོག་ས་རུལ་སུངས་ཀྱིས་རྐྱེན་པས་ལོ་༡༡ རིང་བཙོན་འཇུག་བྱེད་རྒྱུའི་ཁྲིམས་ཐག་བཅད་ཡོད་འདུག 

ཕྱི་ཚེས་༡༩ ཉིན་(South China Morning post)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དེ་རིང་གཟའ་ཟླ་བའི་ཉིན་རྒྱ་ནག་གི་རྐང་པོལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་(Li Yuyi)ཟེར་བ་དེ་ལ་ལོ་༡༡ བཙོན་འཇུག་བྱེད་རྒྱུའི་ཁྲིམས་ཐག་བཅད་འདུག དཔོན་པོ་དེ་ཡིས་ཕྱི་ལོ་༢༠༠༤ ནས་༢༠༢༡ བར་ཁྱོན་རྒྱ་སྒོར་ས་ཡ་༡༢ ཙམ་ལྐོག་ས་རུལ་སུངས་སམ་ཡང་ན་ལྐོག་དངུལ་བླངས་པའི་ཉེས་པ་ཕོག་ཡོད་འདུག དུས་ཡུན་དེ་དག་གི་རིང་མི་དེ་ཡིས་(Shanghai)་ཡི་རྫོང་(Jinshan)ཟེར་བ་དེའི་དམར་ཤོག་ཚོགས་པའི་དྲུང་ཆེ་བྱེད་མྱོང་ཡོད་འདུག་ལ། གཞན་ཚོགས་པ་ཁག་འགའ་ཤས་ཀྱི་ནང་དུ་འགོ་ཁྲིད་ཀྱི་འགན་འཁུར་བྱེད་མྱོང་ཡོད་འདུག དུས་ཡུན་དེ་དག་གི་རིང་ཁོས་རྒྱ་ནག་གི་རྐང་པོལ་རྩེད་འགྲན་གྱི་ཆེད་དུ་ཐང་གསར་རྒྱག་གི་ལས་གཞི་མང་པོ་བརྩམས་ཏེ་ལས་གཞི་དེ་དག་ནས་ལྐོག་ས་རུལ་སུངས་ཕོན་ཆེན་པོ་བྱས་ཡོད་པ་ཁྲིམས་ཁང་གིས་བརྗོད་ཡོད་འདུག 

དེ་བཞིན་(Wuhan)རྐང་པོལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་(Fu Xiang)ཟེར་བ་དེ་ལ་ཡང་ལོ་༡༡ གི་བཙོན་འཇུག་བྱེད་རྒྱུའི་ཁྲིམས་ཐག་བཅད་ཡོད་འདུག མི་དེས་ཀྱང་གཞན་ནས་ལྐོག་དངུལ་བླངས་ཡོད་པ་དང་། གཞན་ལ་ལྐོག་དངུལ་སྤྲད་པའི་ཉེས་མིང་འོག་ཁྲིམས་ཆད་ཕོག་ཡོད་འདུག རྒྱ་ནག་གི་རྐང་པོལ་རྩེད་འགྲན་ཁྲོད་འགོ་ཁྲིད་ཚོས་ལྐོག་དངུལ་ལེན་པ་དང་།  གཞན་ལ་ལྐོག་དངུལ་སྤྲོད་པ་སོགས་རྩེད་མོའི་ཁྲོད་མི་དྲང་བའི་དོན་རྐྱེན་མང་པོ་ཡོང་གི་ཡོད་འདུག འདི་ལོའི་ཕྱི་ཟླ་༣ པའི་ནང་(Chen Xuyuan) ཟེར་བའི་མི་ཞིག་ཕྱི་ལོ་༢༠༡༩ ནས་༢༠༢༡ བར་རྒྱ་ནག་གི་རྐང་པོལ་ལྷན་ཚོགས་ཀྱི་ཚོགས་གཙོ་བྱས་ཡོད་འདུག་པ་དང་། དུས་ཡུན་དེ་དག་གི་སྐབས་སུ་ཁོས་ལྐོག་དངུལ་ཕོན་ཆེན་པོ་བླངས་པའི་རྐྱེན་གྱིས་ཚེ་བཙོན་གྱི་ཉེས་ཆད་ཕོག་ཡོད་འདུག ཁོས་ལྐོག་དངུལ་བླངས་པའི་རྐྱེན་གྱིས་རྒྱ་ནག་གི་རྐང་པོལ་རྩེད་འགྲན་ཁྲོད་རུ་ཁག་ཕན་ཚུན་བར་དྲང་པོ་མ་བྱུང་བའི་དོན་རྐྱེན་ཆེན་པོ་བྱུང་ཡོད་འདུག་ལ།  ཁོས་ཁྱོན་རྒྱ་སྒོར་ས་ཡ་༨༡.༠༣ ཙམ་ལྐོག་དངུལ་བླངས་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག མི་དེས་དུས་ཡུན་རིང་པོར་རྒྱ་ནག་གི་རྐང་པོལ་ལྷན་ཚོགས་ནང་ལས་ཀ་བྱས་ཡོད་འདུག  ད་དུང་ཡང་རྒྱ་ནག་གི་རྐང་པོལ་ལྷན་ཚོགས་ནང་ཡོད་པའི་འགོ་ཁྲིད་འགའ་ཤས་ཤིག་ཞིབ་བཤེར་བྱེད་བཞིན་ཡོད་འདུག་ལ། དེ་བཞིན་འགོ་ཁྲིད་ཟུར་པ་འགའ་ཡང་ཞིབ་བཤེར་གྱི་ཁོངས་སུ་ཚུད་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།

ཁྱེད་ཀྱིས་གཟིགས་མེད་སྲིད།