རྒྱ་ནག་གི་ལོ་རྒྱུས་ཐོག་ཆེས་ཚབས་ཆེ་བའི་ཐན་པ།

རྒྱ་ནག་ཏུ་ཟླ་བ་གཅིག་གི་རིང་ལ་གནམ་གཤིས་ཚ་རླབས་ཆེ་བའི་དབང་གིས་ཆར་ཆུ་འབབ་ཚད་དམའ་རུ་ཕྱིན་པར་བརྟེན། རྒྱ་ནག་གི་ཆུ་བོ་རིང་ཤོས་ཡང་ཧར་ (Yantze) ལ་སྔར་བྱུང་མ་མྱོང་བའི་ཐན་པ་བྱུང་ཡོད་འདུག

ཟླ་འདིའི་ཕྱི་ཟླ་ ༨ པའི་ནང་དུ་རྒྱ་ནག་གི་ལོ་རྒྱུས་ཐོག་ཆེས་ཚབས་ཆེ་བའི་གནམ་གཤིས་ཚ་རླབས་ཆེ་བའི་དབང་གིས་རྒྱ་ནག་ཏུ་ཆར་ཆུ་འབབ་ཚད་དམའ་རུ་སོང་བ་ལ་བརྟེན་ནས་མཚེའུ་དང་ཡན་ལག་ཆུ་བོ་སྐམ་བཞིན་ཡོད་པ་དང་། ཐ་ན་ལོ་ངོ་ ༦༠༠ ཡི་ལོ་རྒྱུས་ལྡན་པའི་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་རུ་སྐད་གྲགས་ཡོད་པའི་ནང་བསྟན་གྱི་རྡོ་བརྐོས་དང་བྲག་རྡོ་ཡང་ཕྱི་རོལ་དུ་དམར་རྗེན་དུ་ཐོན་ཡོད་འདུག

དེ་བཞིན་ཆར་ཆུ་འབབ་ཚད་དམའ་རུ་ཕྱིན་པ་ལ་བརྟེན་ནས་གློག་ཁང་གི་ཆུ་མཛོད་ཀྱི་ཆུའི་ཚད་གཞི་དམའ་རུ་ཕྱིན་པའི་དབང་གིས་གློག་འདོན་གྱི་ནུས་པ་ཇེ་ཉུང་དུ་ཕྱིན་ཡོད་པ་མ་ཟད། གློག་ཤུགས་གྲོན་ཆུང་བྱེད་ཆེད་འཕྲལ་སེལ་རིང་བཟོ་གྲྭ་སྒོ་རྒྱག་པ་དང་། ཚོང་ཁང་གི་ལས་གཉེར་དུས་ཚོད་ཐུང་དུ་གཏོང་བ། དེ་བཞིན་གཞུང་ལས་ཐོག་ཁང་ཁག་གི་མཁའ་རླུང་སྙོམས་ཆས་སྒོ་རྒྱག་པ་ཡོད་པ་དང་། གཞན་ཡང་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ཡིས་སྐད་གྲགས་ཆེ་བའི་ (waterfront lights) དང་ལུའུ་ཀྲོའུ་གྲོང་ཁྱེར་གྱི་གཞུང་ལམ་ཁག་གིས་ལམ་སྒྲོན་བཀག་ནས་གློག་འདོན་གྱི་གནོན་ཤུགས་ཆུང་དུ་བཏང་ཡོད་འདུག

དེ་ཡང་རྒྱ་ནག་གི་ཆུ་བོ་རིང་ཤོས་ཡང་ཧར་ (Yantze) ནང་ ༡༩༦༡ ལོ་ནས་བཟུང་དབྱར་དུས་ཀྱི་ཆར་པ་འབབ་ཚད་དམའ་ཤོས་སུ་འགྱུར་ཡོད་པ་མ་ཟད། རྒྱ་ནག་གི་ས་ཁུལ་གྱི་གནམ་གཤིས་ཚ་རླབས་ཀྱང་དེ་སྔོན་གྱི་ཟིན་ཐོ་ཡོད་ཚད་ལས་བརྒལ་ཡོད་པ་དང་། རྒྱ་ནག་གི་གནམ་གཤིས་ལྟེ་གནས་ཁང་གིས་ཟླ་ ༨ ཚེས་ ༡༢ ནས་ཚེས་ ༡༧ ཉིན་བར་བསྟུད་མར་ཉིན་དྲུག་གི་རིང་གནམ་གཤིས་དྲོད་ཚད་མཐོ་ཤོས་སུ་བསླེབས་ཀྱི་ཡོད་པའི་ཉེན་བརྡ་བཏང་ཡོད་འདུག་ལ། གནམ་གཤིས་ཚ་དྲོད་ཕེལ་བའི་རྐྱེན་པས་སི་ཁྲོན་ཞིང་ཆེན་གྱི་ཤིང་ནགས་ལ་མེ་སྐྱོན་འབྱུང་སྐབས། ཁྲུང་ཆིང་གྲོང་ཁྱེར་རུ་གནོད་འཚེ་ཚབས་ཆེན་ཕོག་ཡོད་པར་བརྟེན། འབྲི་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་གཞན་ཁག་གིས་རྩ་ཐང་དང་ནགས་ཚལ་ལ་མེ་སྐྱོན་ལ་དོགས་ཟོན་དགོས་པའི་ཉེན་བརྡ་ཡང་བཏང་ཡོད་འདུག

རྒྱ་ནག་གི་ཡང་ཧར་ལས་བརྒྱུད་པའི་ཧུའུ་ནན་ཞིང་ཆེ་གྱི་ཏུང་ཐིང་མཚེའུ་ཆུའི་ཚད་གཞི་ཉུང་དུ་ཕྱིན་ཡོད་པ་དང་། མཚེའུ་དེ་ནི་ཞིང་ཁ་རུ་ཆུ་འདྲེན་ཁུངས་གཅིག་པོ་དེ་ཡིན་འདུག་ལ། གཞན་ཡང་ཅང་ཤིང་ཞིང་ཆེན་གྱི་དྭངས་གཙང་མཚེའུ་ཆེ་ཤོས་པོ་ཡང་ (Poyang)མཚེའུ་ཆུའི་ཚད་གཞི་བརྒྱ་ཆ་ ༧༥ ཙམ་ཉུང་དུ་ཕྱིན་ཡོད་པ་དང་། ས་གནས་དེའི་མཐའ་འཁོར་གྱི་ས་ཞིང་དང་ལོ་ཏོག་སོགས་ལ་འཚོ་བཅུད་ཕུན་སུམ་ཚོགས་པ་ཡོང་ཆེད་ཆུ་བོ་དེ་ལ་བརྟེན་བཞིན་ཡོད་པ་མ་ཟད། དེ་བཞིན་ཐན་པ་དེའི་རྐྱེན་པས་རྒྱ་ནག་གི་སི་ཁྲོན་ཞིང་གྱིས་ས་ཞིང་མུའུ་སྟོང་ཕྲག་ཁ་ཤས་གཏོར་བརླག་བཏང་ཡོད་པ་དང་། ཡོང་རྒྱུ་བསྡད་པའི་རྒྱ་ནག་གི་སྟོན་དུས་ཀྱི་ལོ་ཏོག་ལ་ཉེན་ཁ་འཕྲད་སྲིད་པའི་དངངས་འཚབ་བྱེད་བཞིན་ཡོད་འདུག

ད་ལྟའི་ཆར་རྒྱ་ནག་གི་ཞིང་ཆེན་མང་པོ་ཞིག་གི་ནང་དུ་ཆུ་ཉུང་དུ་ཕྱིན་པའི་རྐྱེན་གྱིས་ས་གནས་ས་ཐོག་ཏུ་འཐུང་ཆུ་མི་འདང་བའི་དཀའ་ངལ་འཕར་མ་ཞིག་འཕྲད་བཞིན་པར་བརྟེན་ནས། ཡང་ཧར་དང་ཏན་ཅང་ཁོའུ་ (Danjiangkou) ཆུ་མཛོད་གཙོས་པའི་ཆུ་མཛོད་ཁག་ཅིག་ནས་ཆུ་འགྲེམ་སྤེལ་བྱེད་བཞིན་ཡོད་སྐོར་རྒྱ་ནག་གི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་ཡོད་འདུག །

གསར་འགོད་པ། ཆོས་གྲགས།

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།