རྒྱ་ནག་གི་ལྷོ་ཕྱོགས་སུ་རྒྱ་མཚོའི་རླུང་འཚུབ་ཀྱི་དཀའ་ངལ།
ཧྥི་ལི་ཕིན་དུ་མཚོ་རླུང་དྲག་པོ་བརྒྱབ་སྟེ་མི་བརྒྱ་ཕྲག་གི་ཚེ་སྲོག་ཤོར་བའི་རྗེས་རྒྱ་ནག་གི་ལྷོ་ཕྱོགས་སུ་སླེབས་ཏེ། དྲག་ཆར་རླུང་འཚུབ་ཀྱི་གནམ་གཤིས་འོག་མི་༡༨ རྐྱེན་ལམ་དུ་སོང་ཡོད་འདུག
ཧྥི་ལི་ཕིན་དུ་མཚོ་རླུང་དྲག་པོ་བརྒྱབ་སྟེ་མི་བརྒྱ་ཕྲག་གི་ཚེ་སྲོག་ཤོར་བའི་རྗེས་རྒྱ་ནག་གི་ལྷོ་ཕྱོགས་སུ་སླེབས་ཏེ། དྲག་ཆར་རླུང་འཚུབ་ཀྱི་གནམ་གཤིས་འོག་མི་༡༨ རྐྱེན་ལམ་དུ་སོང་ཡོད་འདུག
རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་ལྷོ་ཕྱོགས་ཀྱི་ས་ཁུལ་ཧེ་ནན་དང་ཀང་ཞི། ཀང་ཏོང་སོགས་ལ་སྔ་རྗེས་སུ་ཏཱའི་ཕུན་རམ་སན་(typhoon Rammasun) ཞེས་པའི་རྒྱ་མཚོའི་རླུང་འཚུབ་བརྒྱབ་སྟེ་ཧེ་ནན་མཚོ་གླིང་གི་མི་༩ དང་། ཀང་ཞི་ཡི་མི་༩ རྐྱེན་ལམ་དུ་ཤོར་ཡོད་པ་མ་ཟད། མི་༥གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། ཐེངས་འདིར་རྒྱ་ནག་ཏུ་བྱུང་བའི་མཚོ་རླུང་གི་གོད་ཆག་ཁྲོད་ཁང་པ་རྡིབ་བཤིག་དང་ཅ་དངོས་གཏོར་སྐྱོན་སོགས་ཀྱིས་ས་ཁུལ་འདྲ་མིན་གྱི་མི་ཁྲི་ཚོ་མང་པོའི་འཚོ་གནས་ལ་དཀའ་ངལ་དང་། དཔལ་འབྱོར་ལ་གྱོང་གུད་ཆེན་པོ་བཟོས་ཡོད་འདུག དེའི་སྔོན་ཧྥི་ལི་ཕིན་དུ་ཏཱའི་ཕུན་མཚོ་རླུང་དྲག་པོ་བརྒྱབ་སྟེ་ཉུང་མཐའ་ཡང་མི་༩༤ ཙམ་རྐྱེན་ལམ་དུ་བཏང་ཡོད་པ་དང་། མི་༦ གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད་ལ། ཏཱའི་ཕུན་མཚོ་རླུང་གི་རྐྱེན་པས་རྒྱལ་ས་མ་ནི་ལ་(Manila) ཡི་མི་ཁྲི་བརྒྱ་ཕྲག་ཁ་ཤས་ལ་གློག་ཆད་ཡོད་པ་རེད།
ཏཱའི་ཕུན་མཚོ་རླུང་གིས་ལྷོ་རྒྱ་ནག་རྒྱ་མཚོ་བརྒྱུད་པའི་སྐབས་དྲག་ཤུགས་ཆེ་རུ་སོང་ཏེ། རེས་གཟའ་པ་སངས་ཉིན་རྒྱ་ནག་སྐམ་སར་སླེབས་སྐབས་ཆུ་ཚོད་རེའི་རླུང་ཤུགས་ཀྱི་མགྱོགས་ཚད་སྤྱི་ལེ་༢༠༠ ཡིན་པ་དང་། ས་ཁུལ་དེར་འདས་པའི་མི་ལོ་༤༡ རིང་གི་རླུང་འཚུབ་ཆེ་ཤོས་ཆགས་ཡོད་རེད་ལ། ཕྱི་ཚེས་༢༡ ཉིན་བར་རྒྱ་ནག་ལྷོ་ཕྱོགས་ཀྱི་ས་ཁུལ་མང་པོའི་ནང་དུ་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་དང་། གཟའ་འཁོར་འདིའི་ནང་རྒྱ་ནག་བྱང་ཕྱོགས་སུ་དྲག་ཆར་གྱི་གནམ་གཤིས་བསྟན་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག
ཏཱའི་ཕུན་མཚོ་གླིང་ཞེས་པ་ནི་ནུབ་ཞི་བདེ་རྒྱ་མཚོ་དང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་བྱུང་བའི་རླུང་འཚུབ་དྲག་པོ་ཞིག་ལ་ཟེར་ཞིང་། ཏཱའི་ཕུན་རམ་སན་(Typhoon Rammasun) ནི་ཐེན་ལན་ཌི་ཡི་སྐད་དུ་“འབྲུག་སྐད་ཀྱི་ལྷ་”ཞེས་པའི་དོན་ཡིན་པ་དང་། ༢༠༠༨ ལོའི་ཞི་བདེ་རྒྱ་མཚོའི་ནང་གི་ཏཱའི་ཕུན་མཚོ་རླུང་ཆེ་ཤོས་ཨང་གཉིས་པར་ངོས་འཛིན་བྱས་ཡོད་པ་མ་ཟད། རྒྱ་མཚོའི་ཚ་ཁུལ་གྱི་ཆར་རླུང་ཤུགས་ཆེ་ཤོས་ཨང་གསུམ་པ་ལ་ངོས་འཛིན་བྱེད་བཞིན་པ་རེད།།