རྒྱ་ནག་གིས་༧གོང་ས་མཆོག་“སྒེར་”གྱི་གནད་དོན་སྐོར་ལ་གྲོས་མོལ་བྱེད་འདོད་ཡོད་ཟེར།
རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་ལྷན་དུ་“སྒེར་གྱི་མ་འོངས་པའི་”སྐོར་ལ་གྲོས་མོལ་བྱེད་པའི་“སྒོ་ཕྱེ་ནས་ཡོད་”རུང་། བོད་ཀྱི་གནད་དོན་དང་འབྲེལ་བའི་སྐོར་ལ་གྲོས་མོལ་བྱེད་རྒྱུ་མིན་ཞེས་བཤད་ཡོད་འདུག
རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་ལྷན་དུ་“སྒེར་གྱི་མ་འོངས་པའི་”སྐོར་ལ་གྲོས་མོལ་བྱེད་པའི་“སྒོ་ཕྱེ་ནས་ཡོད་”རུང་། བོད་ཀྱི་གནད་དོན་དང་འབྲེལ་བའི་སྐོར་ལ་གྲོས་མོལ་བྱེད་རྒྱུ་མིན་ཞེས་བཤད་ཡོད་འདུག
ཟླ་འདིའི་ཚེས་༡༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཝན་ཝེན་བྷིན་(Wang Wenbin) གྱིས་ཁ་སང་རེས་གཟའ་ལྷག་པའི་ཉིན་གསར་འགོད་པའི་དྲི་བར་ལན་འདེབས་བྱེད་སྐབས། ཁོས་པེ་ཅིང་སྲིད་གཞུང་ནས་༧རྒྱལ་བ་རིན་པོ་ཆེ་མཆོག་དང་གྲོས་མོལ་བྱེད་འདོད་ཡོད་སྐོར་བཤད་ཡོད་འདུག
ཁ་སང་རེས་གཟའ་ལྷག་པའི་ཉིན། ༧གོང་ས་མཆོག་ལ་ཕྱི་རྒྱལ་གྱི་གསར་འགོད་པས་རྒྱའི་འགོ་ཁྲིད་ཞི་ཅིན་ཕིང་དང་མ་འོངས་པའི་རེ་བའི་སྐོར་བཀའ་འདྲི་ཞུས་པར། ༧རིན་པོ་ཆེ་མཆོག་ནས་ད་ལྟའི་ཆར་སྲིད་འཛིན་ཞི་ཅིན་ཕིང་དང་མཇལ་འཕྲད་ཀྱི་དམིགས་བསལ་མཛད་འཆར་གང་ཡང་མེད་ཀྱང་། ལོ་ཤས་ནང་རྒྱ་ནག་གི་རི་བོ་རྩེ་ལྔའམ་འཇམ་དཔལ་དབྱངས་ཀྱི་གནས་རིར་གནས་གཟིགས་མཛད་ཐུབ་རྒྱུར་ཐུགས་རེ་ཆེན་པོ་མཛད་བཞིན་པ་དང་དེར་གོ་སྐབས་འབྱུང་ཚེ་སྲིད་འཛིན་ཞི་ཅིན་ཕིང་གཙོས་རྒྱ་ནག་གི་འགོ་ཁྲིད་དང་མཇལ་འཕྲད་འབྱུང་སྲིད་པ་དང་། དེ་བཞིན་རྒྱ་རིགས་གྲོགས་པོ་རྙིང་གྲས་ཁག་ཅིག་དང་མཇལ་འཕྲད་མཛད་རྒྱུར་ཐུགས་རེ་ཡོད་སྐོར་གསུངས་ཡོད་འདུག
རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བསྐོང་འཚོགས་བྱས་པའི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཏུ། གསར་འགོད་པས་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པར་༧གོང་ས་མཆོག་གི་གསུང་དེའི་སྐོར་དྲི་བ་དྲིས་པར། ཁོས་“རྒྱ་ནག་དབུས་གཞུང་གི་ཏཱ་ལའི་བླ་མ་སྐུ་ཕྲེང་༡༤ པ་དང་ལྷན་དུ་འབྲེལ་གཏུག་དང་གྲོས་མོལ་བྱེད་པའི་སྲིད་བྱུས་དེ་གསལ་ཞིང་འགྱུར་བ་མེད། འབྲེལ་གཏུག་དང་གྲོས་མོལ་བྱེད་པའི་སྒོ་ཕྱེ་ཕྱེ་བ་ཡིན་”ཞེས་བཤད་པའི་ཁར། “ངས་དོ་ནན་བྱེད་འདོད་པ་ཞིག་ལ། འབྲེལ་གཏུག་དང་གྲོས་མོལ་དེ་ཏཱ་ལའི་བླ་མ་སྐུ་ཕྲེང་༡༤ པའི་སྒེར་གྱི་མ་འོངས་པའི་སྐོར་ཁོ་ན་ཡིན་པ་ལས། ‘བོད་ཀྱི་གནད་དོན་’ཟེར་བ་དེའི་སྐོར་མིན་”ཞེས་བསྣན་ཡོད་འདུག
དེ་ཡིས་མ་ཚད། རྒྱའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ད་དུང་“ཏཱ་ལའི་བླ་མས་མེས་རྒྱལ་ཁ་འཐོར་གཏོང་བའི་གོ་བབ་དེ་ཁ་ཞེ་མེད་པར་བློས་གཏོང་གིས་རྒྱལ་ཁབ་དུམ་བུ་གཏོང་བའི་བྱ་སྤྱོད་མཚམས་འཇོག་བྱས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་རྒྱ་ནག་མི་མང་དང་། དབུས་སྲིད་གཞུང་གི་ཡིད་ཆེས་འཐོབ་པ་བྱེད་དགོས་”ཞེས་བཤད་པ་མ་ཟད། “བཙན་བྱོལ་བོད་གཞུང་ཞེས་པ་ནི་ཁ་བྲལ་ཆབ་སྲིད་ཚོགས་པ་ཞིག་དང་། རྒྱ་ནག་གི་རྩ་ཁྲིམས་དང་ཡོངས་སུ་འགལ་བའི་ཁྲིམས་འགལ་གྱི་ཚོགས་པ་ཞིག་རེད། འཛམ་གླིང་ནང་དུ་དེ་ངོས་ལེན་བྱེད་མཁན་གྱི་རྒྱལ་ཁབ་གཅིག་ཀྱང་མེད་”ཅེས་ཀྱང་བཤད་ཡོད་འདུག
ཕྱི་ཟླ་༢༠༢༠ ལོའི་ཕྱི་ཟླ་༡༢ ཀྱི་སྨད་དུ་ཨ་རིས་གཞུང་གིས་གཏན་ལ་ཕབ་པའི་ “༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་”ཀྱི་ནང་དུ། ༧གོང་ས་མཆོག་གིས་གཙོས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་བཙལ་འཚོལ་དང་ངོས་འཛིན་བྱེད་པའི་དབང་ཚད་དང་བདག་དབང་ཆ་ཚང་བོད་མི་རང་ལ་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་དེ་བཙན་བྱོལ་བོད་མི་ཡོངས་ཀྱི་མངོན་འདོད་དང་ཚབ་མཚོན་ཡིན་པར་ངོས་འཛིན་བྱས་ཡོད་པ་རེད།།
གསར་འགོད་པ་དཀོན་མཆོག་རབ་བརྟན།