རྒྱ་ནག་གིས་ཁྲིམས་མཐུན་མ་ཡིན་པའི་ཉེན་རྟོག་ལས་ཁུངས་༡༠༢ བཙུགས་ཡོད་འདུག

ཟླ་འདིའི་ཚེས་༦ ཉིན་(ZEENEWS) གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གིས་རྒྱལ་ཁབ་༥༤ ནང་ཁྲིམས་འགལ་གྱིས་ཉེན་རྟོག་ལས་ཁུངས་༡༠༢ བཙུགས་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གཞུང་གིས་འདས་པའི་ལོ་མང་པོའི་རིང་རྒྱལ་ཁབ་འདྲ་མིན་ནང་ཁྲིམས་འགལ་གྱིས་ཉེན་རྟོག་ལས་ཁུངས་མང་པོ་བཙུགས་ཡོད་པའི་དབང་གིས་ལོ་འདིའི་ཕྱི་ཟླ་༩ པའི་ནང་། རྒྱལ་ཁབ་༢༠ ལྷག་གི་ནང་དུ་ཁྲིམས་མཐུན་མ་ཡིན་པའི་ཉེན་རྟོག་ལས་ཁུངས་༥༤ ཡོད་པ་ར་སྤྲོད་བྱུང་ཡོད་པ་དང་། དེ་དག་མང་ཆེ་བ་ཡུ་རོབ་རྒྱལ་ཁབ་ཁག་གི་ནང་ལ་བཙུགས་ཡོད་རབས་བརྗོད་ཡོད་ཀྱང་།  ད་ལྟའི་ཆར་རྒྱལ་ཁབ་༥༣ ནང་ཁྲིམས་མཐུན་མ་ཡིན་པའི་ཉེན་རྟོག་ལས་ཁུངས་ཁྱོན་བསྡོམས་༡༠༢ བཙུགས་ཡོད་པ་དང་། ཉེན་རྟོག་པའི་ལས་ཁུངས་ནི་རྒྱལ་ཁབ་གཞན་དུ་གནས་སྡོད་བྱེད་མཁན་རྒྱ་མི་ཚོ་དང་། ལྷག་པར་དུ་རྒྱ་ནག་གི་ནང་དུ་ཁྲིམས་འགལ་བྱས་ནས་རྒྱལ་ཁབ་གཞན་དུ་བྲོས་བྱོལ་དུ་ཡོང་མཁན་དང་། རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་ངོ་རྒོལ་བྱེད་མཁན་ཚོ་ལ་དམིགས་ནས་བཙུགས་པ་ཞིག་ཡིན་འདུག

ཉེན་སྲུང་དག་སྐྱེལ་བྱེད་མཁན་(Safeguard Defender) ཞེས་པའི་ཚོགས་པས་ལོ་འདིའི་ཕྱི་ཟླ་༩ པའི་ནང་སྙན་ཐོ་ཞིག་སྟོན་ཡོད་པའི་ནང་། ཕྱི་ལོ་༢༠༢༡ ཟླ་བ་༤ ནས་ལོ་འདིའི་ཟླ་བ་༧ པའི་བར་ཉེན་རྟོག་ལས་ཁུངས་དེ་དག་གིས་རྒྱལ་ཁབ་གཞན་ལ་བྲོས་བྱོལ་དུ་ཡོང་མཁན་རྒྱ་མི་ཁྱོན་བསྡོམས་ཁྲི་༢༣ ལྷག་གོ་སྐོན་བློ་འགུག་བྱས་ནས་རྒྱ་ནག་ཏུ་ལོག་བཅུག་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་དབང་གིས་རྒྱ་མི་མང་པོ་རྒྱ་ནག་ཏུ་ལོག་ཐུབ་ཀྱི་མེད་པར་བརྟེན། དེ་དག་གི་མོ་ཊྲ་ལག་ཁྱེར་སོགས་ཀྱི་དུས་ཡུན་ཕར་འགྱངས་དང་བསྐྱར་བཟོ་སོགས་ལ་རོགས་རམ་བྱེད་ཆེད། ལས་ཁུངས་དེ་དག་བཙུགས་ཡོད་པ་ལས་ཉེན་རྟོག་ལས་ཁུངས་མིན་རབས་བརྗོད་ཡོད་ཀྱང་། ཉེན་སྲུང་དག་སྐྱེལ་བྱེད་མཁན་ཚོགས་པས་ཕྱི་ལོ་༢༠༡༦ ལོ་ནས་ཉེན་རྟོག་ལས་ཁུངས་དེ་དག་བཙུགས་ཡོད་པ་དང་། དེ་ནི་ཏོག་དབྱིབས་གཉན་རིམས་ཀྱི་ནད་དུག་མ་ཁྱབ་སྔོན་ནས་ཡོད་པ་འགྲེལ་བརྗོད་བྱས་ཡོད་འདུག

ཉེན་རྟོག་ལས་ཁུངས་དེ་དག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་སྐྱོན་བརྗོད་བྱེད་མཁན་རྒྱ་མི་ཚོ་ལ་ཁ་པར་བཏང་ནས་རྒྱ་ནག་ཏུ་ལོག་དགོས་པ་དང་། གལ་སྲིད་མ་ལོག་ན་རྒྱ་ནག་ཏུ་ཡོད་པའི་ཕ་མ་དང་སྤུན་མཆེད་སོགས་ལ་དཀའ་ངལ་འཕྲད་སྲིད་པ་རེད་ཅེས་ཟེར་ནས་བསུན་གཙེར་བཟོ་ཡི་ཡོད་པ་མ་ཟད། མེ་མདའ་སོགས་ཀྱི་པར་བཏང་ནས་ང་ཁྱེད་བསད་དུ་ཡོང་གི་ཡིན་ཞེས་འཇིགས་སྐུལ་ཡང་བྱེད་ཀྱི་ཡོད་འདུག་ལ། གསར་འགྱུར་བརྒྱུད་ལམ་གཞན་གྱི་ནང་དུ་ཉེན་རྟོག་ལས་ཁུངས་དེ་དག་གིས་དམངས་གཙོ་རྒྱལ་ཁབ་ཁག་གི་འོས་བསྡུ་ལ་ཐེ་ཇུས་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ་འདུག

སི་པན་གྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་ཨི་ཊ་ལིའི་ནང་ལ་ཁྲིམས་མཐུན་མ་ཡིན་པའི་རྒྱ་ནག་གི་ཉེན་རྟོག་ལས་ཁུངས་༡༡ ཙམ་ཡོད་རབས་བརྗོད་བཞིན་ཡོད་ན་ཡང་། ཨི་ཊ་ལིའི་གཞུང་གིས་ཉེན་རྟོག་ལས་ཁུངས་དེ་དག་ཁྲིམས་འགལ་ཡིན་པ་དང་དེ་དག་ལ་རྟོག་ཞིབ་བྱེད་དགོས་རབས་གང་ཡང་བརྗོད་ཀྱི་མེད་པ་རེད་འདུག

ཨི་ཊ་ལིའི་ནང་དུ་རྒྱ་མི་ཁྲི་༣༣ ལྷག་ཡོད་པ་མ་ཟད། ཕྱི་ལོ་༢༠༡༥ ལོར་རྒྱ་ནག་གི་སྤྱི་དམངས་བདེ་འཇགས་བློན་ཆེན་དང་ཨི་ཊ་ལིའི་གཞུང་བར་ཕྱོགས་གཉིས་ཀྱི་ཉེན་རྟོག་པའི་སྐོར་གཡེང་བྱེད་ཕྱོགས་ཀྱི་ཐོག་ལ་གན་རྒྱ་ཞིག་བཞག་ཡོད་པ་དང་། ཁྲིམས་མཐུན་མ་ཡིན་པའི་ཉེན་རྟོག་ལས་ཁུངས་དེ་དག་ཀྱང་གན་རྒྱ་དེ་ལ་ཐད་ཀ་འབྲེལ་བ་ཡོད་སྲིད་རབས་བརྗོད་བཞིན་འདུག  ཁྲིམས་མཐུན་མ་ཡིན་པའི་ཉེན་རྟོག་ལས་ཁུངས་དེ་དག་ནི་ཨ་རི་དང་དབྱིན་ཡུལ། ཧྥ་རན་སི། ཨུ་རུ་སུ་དང་ཡུག་རེན། ཉི་ཧོང་དང་ལྷོ་ཀོ་རི་ཡ། ཁེ་ན་ཌ་གཙོས་པའི་རྒྱལ་ཁབ་ཁྱོན་བསྡོམས་༥༣ ནང་ལ་ཡོད་པའི་གནས་ཚུལ་ཐོན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།