རྒྱ་ནག་གིས་ཕྱི་རྒྱལ་གྱི་དཔེ་དེབ་འཚོང་མཁན་ཞིག་ལ་ལོ་བཅུའི་ཁྲིམས་ཐག་བཅད།
རྒྱ་ནག་གི་ཁྲིམས་ཁང་ཞིག་གིས་སུ་དྷན་གྱི་མི་སེར་ཡིན་པའི་རྒྱ་མི་དཔེ་དེབ་འཚོང་མཁན་ཞིག་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་པ་གཡོགས་ནས་ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་ ༢༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ཤར་ཕྱོགས་ནིན་བྷོ་(Ningbo)གྲོང་ཁྱེར་མི་དམངས་ཁྲིམས་ཁང་ནས་སུའུ་དྷན་གྱི་མི་སེར་ཡིན་པའི་དཔེ་དེབ་འཚོང་མཁན་གྷུའུ-མིན་ཧ་(Gui Minhai)ལ་རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་སྟེར་བའི་ཉེས་མིང་འོག་ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་པ་མ་ཟད། ཁྲིམས་ཁང་དེས་དྲ་ཐོག་ཏུ་བཞག་པའི་བསྒྲགས་ཡིག་ནང་། གྷུའུ-མིན་ཧ་ཡིས་རང་ཉིད་ཀྱི་ནག་ཉེས་ངོས་ལེན་བྱས་པ་དང་། ཁྲིམས་ཐག་དེར་མོས་མཐུན་བྱས་ཏེ་སྐྱར་ཞིབ་དགོས་པའི་རེ་སྐུལ་ཞུ་རྒྱུ་མིན་ཚུལ་བཤད་པའི་སྐོར་འཁོད་ཡོད་འདུག
ལོ་ན་ ༥༥ སོན་པའི་གྷུའུ-མིན་ཧ་ནི་སུའུ་དྷན་གྱི་མི་སེར་དུ་གྱུར་བའི་རྒྱ་མི་ཞིག་ཡིན་ཞིང་། ཁོང་དེ་སྔོན་རྒྱ་ནག་སྲིད་གཞུང་དང་རྒྱ་ནག་གི་འགོ་ཁྲིད་ཚོར་སྐྱོན་བརྗོད་བྱེད་པའི་དཔེ་དེབ་འདོན་སྤེལ་བྱེད་སའི་ཧོང་ཀོང་གི་དཔེ་སྐྲུན་ཁང་ཞིག་ཏུ་ཕྱག་ལས་གནང་བའི་ཁར། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་མི་ཚེའི་ལོ་རྒྱུས་ཇི་བཞིན་བརྗོད་པའི་དཔེ་དེབ་ཅིག་འདོན་པའི་སྟ་གོན་བྱས་པར་བརྟེན། ཕྱི་ལོ་ ༢༠༡༥ ལོའི་ལོ་མཇུག་ཏུ་ལས་གྲོགས་གཞན་ ༤ དང་ལྷན་དུ་རྒྱ་ནག་གིས་བཙན་ཁྲིད་བྱས་པ་དང་། ཁོ་ཚོར་བཙན་ཤེད་ཀྱིས་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་ནག་ཉེས་ཁས་ལེན་བྱེད་དུ་བཅུག་སྟེ་མཇུག་མཐར་གློད་གྲོལ་བཏང་ན་ཡང་། ཁོང་སླར་ཡང་འཛིན་བཟུང་དང་བཀག་ཉར་བྱས་ཏེ་བདུན་འདིའི་རེས་གཟའ་མིག་དམར་ཉིན་དངོས་སུ་ལོ་བཅུའི་ཁྲིམས་ཐག་བཅད་ཡོད་འདུག
རྒྱ་ནག་གཞུང་དེ་ལྟར་ཁྲིམས་ཐག་བཅད་པ་དེར་སུའུ་དྷན་གཞུང་ནས་ངོ་རྒོལ་དང་། ཁོང་ལ་ཐུག་འཕྲད་བྱེད་དུ་འཇུག་པའི་དགོས་འདུན་བཏོན་པར། སུའུ་དྷན་དུ་ཡོད་པའི་རྒྱ་ནག་གི་སྐུ་ཚབ་ཀྱིས་ཧམ་པ་ཆེན་པོས་སུའུ་དྷན་གཞུང་ནས་སྐུ་ཞབས་གྷུའུ-མིན་ཧ་ལ་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་བཞིན་པ་དེར་རྒྱ་ནག་གིས་ཕྱིར་“ཁ་གཏད་གཅོག”རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཀྱང་ཡོད་འདུག
གནས་ཚུལ་དེ་དང་འབྲེལ་བའི་ཐད་ལ། ཟླ་ ༢ ཚེས་ ༢༦ ཉིན་ཨ་རིའི་གསར་ཁང་གྲགས་ཅན་ The Washington Post ཡིས་རྩོམ་སྒྲིག་པའི་གཏམ་ཞིག་སྤེལ་བའི་ནང་། སྐུ་ཞབས་གྷུའུ-མིན་ཧ་ཡི་གནས་ཚུལ་དེ་ནི་ཞི་ཅིན་ཕིང་གི་སྲིད་གཞུང་ནས་རྒྱལ་ཁབ་གཞན་ལ་ལག་པ་བཅངས་ཏེ་གནོན་ཤུགས་སྤྲོད་སྟངས་ཀྱི་དཔེ་མཚོན་འཇིགས་སུ་རུང་བ་ཞིག་ཡིན་སྐོར་བྲིས་པ་མ་ཟད། “གལ་སྲིད་ནུབ་ཕྱོགས་ཀྱིས་དེ་ལྟ་བུའི་བཙན་ཤེད་ལ་མགོ་བོ་སྒུར་བ་ཡིན་ན། སྐུ་ཞབས་ཞི་ཅིན་ཕིང་གིས་སྒེར་གཅོད་རིང་ལུགས་ཕྱིར་འདྲེན་བྱེད་པར་རྒྱལ་ཁ་ཐོབ་པ་ཞིག་ཡིན་སྟབས། [ཨ་རིའི]ཊོམ་ཕི་སྲིད་གཞུང་འདུས་པའི་མང་གཙོའི་སྲིད་གཞུང་གཞན་རྣམས་ཀྱིས་སུའུ་དྷན་ལ་རྒྱབ་སྐྱོར་གྱིས་སྐུ་ཞབས་གྷུའུ-མིན་ཧ་གློད་གྲོལ་གཏོང་བའི་དགོས་འདུན་འདོན་རྒྱུ་གལ་གནད་ཆགས་ཡོད”ཚུལ་བརྗོད་འདུག །