རྒྱ་ནག་གིས་མི་སྒེར་བ་ཡུལ་སྐོར་སྤྲོ་འཆམ་པ་ཐའེ་ཝན་དུ་འགྲོ་མི་ཆོག་པ་བཟོས། 

༢༠༡༩ ཟླ་༧ ཚེས་༣༡ ཉིན། ཐའེ་ཝན་དང་རྒྱ་ནག་གི་འགལ་བ་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར་ཐའེ་ཝན་ལ་གནོན་ཤུགས་འཕར་མ་སྟེར་ཆེད།  དེ་རིང་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གཞུང་གིས་རྒྱའི་གྲོང་ཁྱེར་༤༧ ནས་མི་སྒེར་པ་ཐའེ་ཝན་ལ་འགྲོ་ཆོག་པའི་ལས་གཞི་དེ་རྩིས་མེད་ཡིན་པའི་ཁྱབ་བསྒྲགས་བྱས་འདུག 

རྒྱ་ནག་གཞུང་གི་ཡུལ་སྐོར་དང་རིག་གཞུང་ལས་ཁུངས་ཀྱིས་སྤེལ་བའི་གསལ་བསྒྲགས་ནང་། འགྲུལ་བཞུད་ཀྱི་བཀག་སྡོམ་གསར་པ་དེ་ཕྱི་ཟླ་༨ ཚེས་༡ ནས་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། དེ་ནས་བཟུང་རྒྱ་ནག་སྐམ་ས་ནས་ཐའེ་ཝན་ལ་མི་སྒེར་གཅིག་ཀྱང་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་མི་ཆོག་ཚུལ་བརྗོད་ཡོད་འདུག 

ཡིན་ན་ཡང་། ཚོང་གི་ཆེད་དུ་འགྲོ་མཁན་དང་། རུ་ཁག་གམ་ཚོགས་ཆུང་བྱས་ནས་ཡུལ་སྐོར་ལ་འགྲོ་མཁན་རྣམས་སྔར་རྒྱུན་ལྟར་འགྲོ་ཆོག་པ་རེད།

མི་སྒེར་རེ་རེ་ཡུལ་སྐོར་དུ་འགྲོ་བའི་ལས་གཞི་དེ་ཐོག་མར་ཕྱི་ལོ་༢༠༡༡ ཟླ་༦ ནང་རྒྱ་ནག་གི་གྲོང་ཁྱེར་གསུམ་(པེ་ཅིང་དང་། ཧྲང་ཧེ། ཤི་མན་)ནས་སྤེལ་བ་དང་། དེ་ནས་ཐའེ་རྒྱའི་འབྲེལ་ལམ་གོང་འཕེལ་གཏོང་ཆེད་རྒྱ་ནག་གི་གྲོང་ཁྱེར་༤༧ ནང་ལག་བསྟར་བྱས་པ་ཞིག་ཡིན་འདུག 

ཡིན་ན་ཡང་། ཉེ་བའི་ཟླ་འགའི་རིང་ཐའེ་ཝན་གྱི་སྲིད་འཛིན་ཨ་རིར་ཕྱིན་པ་དང་། ཨ་རིའི་ལག་ནས་ཨ་སྒོར་ཐེར་འབུམ་༢.༢ ལ་ཉེ་བའི་གོ་མཚོན་ཉོས་པ། ཧོང་ཀོང་གི་མང་གཙོའི་ངོ་རྒོལ་སོགས་ཀྱི་གནད་དོན་དག་ལ་བརྟེན་ནས་པེ་ཅིང་དང་ཐའེ་པེ་ཡི་འགལ་བ་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད་གདའ། 

གློ་བུར་གྱི་བཀག་སྡོམ་འདི་ནི་རྒྱ་ནག་གིས་ཐའེ་ཝན་དང་ཐའེ་ཝན་གྱི་འཛིན་སྲིད་ཚེ་ཡེན་ཝན་ཁེར་རྐྱང་དུ་ཕུད་ཆེད་ཀྱི་ལས་འགུལ་ཞིག་ཡིན་འདུག་ལ། དེ་བཞིན་ལོ་རྗེས་མའི་ཕྱི་ཟླ་དང་པོའི་སྲིད་འཛིན་འོས་བསྡུའི་ནང་མོ་ལ་གནོད་པ་སྐྱེལ་ཐབས་ཀྱང་ཡིན་སྲིད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།