རྒྱ་ནག་གིས་རྒྱལ་སྤྱིའི་ནང་སྤྱི་དམངས་ཚོགས་སྡེ་ཁག་ནུས་མེད་བཟོ་ཐབས་བྱེད་བཞིན་ཡོད་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ནང་སྤྱི་དམངས་ཚོགས་སྡེ་ཁག་ནུས་མེད་བཟོ་ཐབས་བྱེད་བཞིན་ཡོད་པས། ལས་དོན་དེ་བཀག་འགོག་བྱེད་དགོས་པ་དང་སྤྱི་དམངས་ཚོགས་སྡེ་རྣམས་སྲུང་སྐྱོབ་དགོས་པ་དང་། གལ་ཏེ་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་སྐྱོན་བརྗོད་སོགས་ཐེ་བྱུས་དགོས་ཀྱི་མེད་ན། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་ཀྱི་ཡོད་སྐོར་བརྗོད་སོང་།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ནང་སྤྱི་དམངས་ཚོགས་སྡེ་ཁག་ནུས་མེད་བཟོ་ཐབས་བྱེད་བཞིན་ཡོད་པས། ལས་དོན་དེ་བཀག་འགོག་བྱེད་དགོས་པ་དང་སྤྱི་དམངས་ཚོགས་སྡེ་རྣམས་སྲུང་སྐྱོབ་དགོས་པ་དང་། གལ་ཏེ་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་སྐྱོན་བརྗོད་སོགས་ཐེ་བྱུས་དགོས་ཀྱི་མེད་ན། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་ཀྱི་ཡོད་སྐོར་བརྗོད་སོང་།

དེ་ཡང་ཟླ་༡༢ པའི་ཚེས་༡༠ ཉིན་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་ཡིན་པ་ལྟར། ཟླ་༡༢ པའི་ཚེས་༩ ཉིན་དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས། ཐེངས་འདིའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན་ནས། ཟླ་༡༢ པའི་ཚེས་༤ ནས་༦ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར། མཉམ་འབྲེལ་རྒྱལ་ཁབ་ཀྱི་ཚོགས་མི་རྒྱལ་ཁབ་༡༣༥ ཡི་གཞུང་ཚབ་ཁང་དང་རྒྱ་གར་ཕྱི་སྲིད་བློན་ཆེན་ལས་ཁུངས་ལ། རྒྱལ་སྤྱིའི་ནང་དང་ལྷག་པར་དུ་རྒྱ་ནག་ནང་དུ་སྤྱི་དམངས་ཚོགས་སྡེ་ཁག་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་ཆགས་ཡོད་པས། རྒྱ་ནག་གཙོས་པའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ཅིག་གིས། སྤྱི་དམངས་ཚོགས་སྡེ་ཁག་ལ་དམ་དྲག་དང་ནུས་མེད་བཟོ་ཐབས་བྱེད་བཞིན་པར་ཁ་གཏད་གཅོག་པའི་འབོད་སྐུལ་ཡི་གེ་ཕུལ་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོས། མཉམ་འབྲེལ་རྒྱལ་ཁབ་ཀྱིས་ད་བར་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་གྲུབ་འབྲས་མ་ཐོན་པ་མང་པོ་ཞིག་ཡོད་ཀྱང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཞུ་གཏུག་བྱེད་ཡུལ་དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ལས་མེད་པ་ཡིན་པས། རྒྱ་ནག་གཞུང་གིས་དཔལ་འབྱོར་སྟོབས་ཤུགས་བཀོལ་སྤྱོད་བྱས་ཏེ། རྒྱལ་ཚོགས་ནང་དུ་སྤྱི་དམངས་ཚོགས་སྡེ་ཁག་ནུས་མེད་བཟོ་ཐབས་བྱེད་བཞིན་ཡོད་པ་དང་། དེ་ཡང་ཕྱི་ལོ་༢༠༡༦ ལོའི་ཟླ་༣ པར་རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཁབ་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་ཚོགས་སྡེ་ཁག་དང་འབྲེལ་བའི་གྲོས་ཆོད་ཅིག་ནུས་མེད་བཟོ་ཐབས་བྱས་ཡོད་ཀྱང་གྲུབ་འབྲས་ཐོན་མེད་པ་དང་། དེ་བཞིན་ཕྱི་ལོ་༢༠༡༨ ལོའི་ཟླ་༣ པའི་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་རྒྱ་ནག་གིས་སྤྱི་དམངས་ཚོགས་སྡེ་ཁག་ལ། རྒྱལ་ཁབ་སོ་སོའི་གཞུང་གི་སྟངས་འཛིན་ཆེན་པོ་ཡོད་པ་བཟོ་བའི་གྲོས་འཆར་གཉིས་བཏོན་ཡོད་པ་དང་། སྐབས་དེར་རྒྱུན་དུ་རྒྱ་ནག་ལ་བརྟེན་མཁན་རྒྱལ་ཁབ་ཆུང་ཆུང་ཁག་ཅིག་གིས་ཀྱང་དགག་བྱ་བྱས་ཏེ། གྲོས་འཆར་དེར་རྒྱབ་སྐྱོར་ཐོབ་མེད་པས། སྤྱི་དམངས་ཚོགས་སྡེ་ཁག་སྲུང་སྐྱོབ་བྱེད་རྒྱུ་ཛ་དྲག་དང་གལ་ཆེན་ཆགས་ཡོད་སྐོར་བརྗོད་སོང་།

ལྟེ་གནས་ཁང་གི་ལས་བྱེད་བསྟན་འཛིན་ཟླ་བས། ཟླ་༡༢ པའི་ཚེས་༤ ནས་༦ བར་ལྟེ་གནས་ཁང་གི་འགན་འཛིན་དང་མོ་རྒྱལ་ས་ལྡི་ལིའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཚོགས་མི་རྒྱལ་ཁབ་༡༣༥ དང་རྒྱ་གར་ཕྱི་སྲིད་བློན་ཆེན་ལས་ཁུངས་སུ། སྤྱི་དམངས་ཚོགས་སྡེ་ཁག་སྲུང་སྐྱོབ་ཡོང་བའི་འབོད་སྐུལ་ཞུ་ཡིག་ཕུལ་བར་ཕྱིན་ཡོད་པ་དང་། དེ་བཞིན་དེ་སྔོན་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་མ་འཚོགས་པའི་སྔོན་དུ། མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གི་གཞུང་ཚབ་ཁག་ལ་ཞུ་ཡིག་ཕུལ་ཡོད་པ་དང་། རྗེས་སུ་གཞུང་ཚབ་པ་ཁག་ཅིག་གིས་ཞུ་ཡིག་དེའི་ནང་གི་དོན་ཚན་ནམ་བསམ་འཆར་རྣམས་དུས་བཀག་བསྐྱར་ཞིབ་ཚོགས་འདུ་སྐབས་སུ་ཡར་ཞུ་བྱས་ཡོད་སྐོར་བརྗོད་སོང་བས། ལས་དོན་དེ་རིགས་ཕན་ཐོགས་ཡོང་གི་ཡོད་སྐོར་བརྗོད་སོང་།

དེ་བཞིན་འགན་འཛིན་ཚེ་རིང་མཚོ་མོས། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་སྐྱོན་བརྗོད་དང་ལས་དོན་སྤེལ་སྐབས། རྒྱ་ནག་གཞུང་གིས་བོད་ནི་རྒྱལ་ནང་གི་གནད་དོན་ཞིག་ཡིན་པས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱ་ནག་གི་རྒྱལ་ནང་གནད་དོན་དང་བདག་དབང་ཐེ་བྱུས་བྱེད་མི་རུང་སྐོར་ལན་འདེབས་བྱེད་ཀྱི་ཡོད་པ་རེད་དེ། འགྲོ་བ་མིའི་ཐོབ་ཐང་ནི་འགྲོ་བ་མིའི་རིགས་སྤྱི་ཡི་ཐོབ་ཐང་ཡིན་པ་དང་། རྒྱལ་ཁབ་ཁག་གི་ས་མཚམས་བདག་དབང་ལས་ཆེ་བ་ཡིན་པས། གལ་ཏེ་ཐེ་བྱུས་དགོས་ཀྱི་མེད་ན་རྒྱ་ནག་གཞུང་གིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་པ་དང་། དེ་བཞིན་ཕྱི་ལོ་༢༠༡༧ ལོ་ནས་བོད་ནང་དམ་དྲག་གི་རྐྱེན་པས། གནས་ཚུལ་མང་པོ་ཞིག་ཕྱི་ལོགས་སུ་འབྱོར་ཐུབ་ཀྱི་མེད་པས། གནས་སྟངས་ཛ་དྲག་ངང་གནས་མུས་ཡིན་སྐོར་བརྗོད་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།