རྒྱ་ནག་གིས་ལ་དྭགས་དང་ཨ་རུ་ནཱ་ཅལ་རྒྱ་གར་གྱི་ཡིན་པར་ངོས་འཛིན་བྱེད་ཀྱི་མེད་ཅེས་བཤད་འདུག 

རྒྱ་དཀར་ནག་གཉིས་ཀྱི་རྒྱལ་མཚམས་དང་འབྲེལ་བའི་རྩོད་རྙོག་མུ་མཐུད་འབྱུང་བཞིན་པའི་སྐབས་འདིར། རྒྱ་ནག་གིས་སླར་ཡང་ལ་དྭགས་དང་ཨ་རུ་ནཱ་ཅལ་རྒྱ་གར་གྱི་ཡིན་པར་ངོས་འཛིན་བྱེད་ཀྱི་མེད་པ་དང་། རྒྱལ་མཚམས་ཀྱི་རྩོད་རྙོག་ཡོངས་རྫོགས་ཀྱི་འབྱུང་རྐྱེན་རྒྱ་གར་ལ་ཐུག་ཡོད་པའི་ཉེས་འཛུགས་བྱས་ཡོད་འདུག

རྒྱ་དཀར་ནག་གཉིས་ཀྱི་རྒྱལ་མཚམས་དང་འབྲེལ་བའི་རྩོད་རྙོག་མུ་མཐུད་འབྱུང་བཞིན་པའི་སྐབས་འདིར། རྒྱ་ནག་གིས་སླར་ཡང་ལ་དྭགས་དང་ཨ་རུ་ནཱ་ཅལ་རྒྱ་གར་གྱི་ཡིན་པར་ངོས་འཛིན་བྱེད་ཀྱི་མེད་པ་དང་། རྒྱལ་མཚམས་ཀྱི་རྩོད་རྙོག་ཡོངས་རྫོགས་ཀྱི་འབྱུང་རྐྱེན་རྒྱ་གར་ལ་ཐུག་ཡོད་པའི་ཉེས་འཛུགས་བྱས་ཡོད་འདུག
བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཀྲོའོ་ལེ་ཇན་(Zhao Lijian) གྱིས་བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་རྒྱ་ནག་གི་ངོས་ནས་ལ་དྭགས་དང་ཨ་རུ་ནཱ་ཅལ་རྒྱ་གར་གྱི་ཡིན་པའི་ངོས་འཛིན་བྱེད་ཀྱི་མེད་ཅེས་བཤད་དེ། རྒྱ་གར་གྱི་སྲིད་འཛིན་གཞོན་པ་ཝན་ཁཱ-ནཱ་ཌོའུ་(Venkaiah Naidu) ས་ཁུལ་དེ་དག་ལ་གཟིགས་སྐོར་དུ་ཕེབས་པར་ངོ་རྒོལ་བྱས་ཡོད་འདུག 

གསར་འགོད་གསལ་བསྒྲགས་དེའི་ཐོག རྒྱའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་“ཐོག་མར་ངས་གསལ་པོ་བཟོ་དགོས་པ་ཞིག་ལ། རྒྱ་ནག་གི་ངོས་ནས་རྒྱ་གར་གྱིས་ཁྲིམས་འགལ་ཐོག་ནས་བཙུགས་པའི་ལ་དྭགས་དབུས་གཞུང་གི་འཛིན་སྐྱོང་མངལ་ཁུལ་(Union Territory) དང་། ཨ་རུ་ནཱ་ཅལ་ཟེར་བ་དེ་ངོས་འཛིན་བྱེད་ཀྱི་མེད་ལ། ཉེ་ཆར་རྒྱ་གར་གྱི་སྲིད་འཛིན་གཞོན་པ་ཝན་ཁཱ-ནཱ་ཌོའུ་ས་ཁུལ་དེ་དག་ལ་གཟིགས་སྐོར་དུ་ཕྱིན་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་”ཅེས་བཤད་ཡོད་འདུག 

ཕྱི་ལོ་༡༩༥༠ ང་གྲངས་སུ་རྒྱ་ནག་གིས་བོད་ལ་དྲག་པོའི་བཙན་འཛུལ་བྱས་ཏེ་བོད་ས་ཡོངས་རྫོགས་བཙན་གྱིས་དབང་དུ་བསྡུས་པ་ནས་བཟུང་། འཕགས་བོད་ཀྱི་ས་མཚམས་དེ་རྒྱལ་སྤྱིའི་ཐོག་ནས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སུ་ངོས་འཛིན་བྱེད་སྲོལ་བྱུང་བ་དང་། ཕྱོགས་གཉིས་ཀས་བོད་ཀྱི་ས་ཁུལ་རྣམས་སོ་སོའི་ཡིན་ཚུལ་བཤད་དེ་རྩོད་རྙོག་རྒྱུན་མི་ཆད་པར་འབྱུང་བཞིན་ཡོད་པ་མ་ཟད། སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་བལྟས་ན། རྩོད་རྙོག་དེ་དྲག་ཏུ་གྱུར་ནས་མུ་མཐུད་གནས་པ་ལས་སེལ་ཐུབ་པའི་རྣམ་པ་ཞིག་མངོན་རྒྱུ་མེད།

རྒྱ་ནག་གི་སྐད་ཆ་དེའི་ཡ་ལན་དུ། རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་ཁ་སང་རེས་གཟའ་ལྷག་པའི་ཉིན་ཨ་རུ་ནཱ་ཅལ་དང་ལ་དྭགས་ནི་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། རྒྱ་གར་གྱི་འགོ་ཁྲིད་རྣམས་ལ་སོ་སོའི་མངའ་སྡེ་གང་དུ་འགྲོ་མིན་ལ་རང་དབང་ཡོད་ཚུལ་བརྗོད་ཡོད་འདུག 

ཁ་སང་གི་བསྒྲགས་གཏམ་དེའི་ནང་། རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱིས་“ང་ཚོས་རྒྱ་ནག་གི་སྐད་ཆ་དེ་ལྟ་བུ་ལ་དགག་པ་ཡོད། ཨ་རུ་ནཱ་ཅལ་ནི་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་གཙོ་བོ་ཞིག་ཡིན། རྒྱ་གར་གྱི་འགོ་ཁྲིད་རྣམས་རྒྱ་གར་གྱི་མངའ་སྡེ་གཞན་གང་རུང་ལ་འགྲོ་བ་ལྟར་ཨ་རུ་ནཱ་ཅལ་ལ་རྒྱུན་དུ་འགྲོ་ཡོང་བྱེད་ཀྱི་ཡོད་”ཅེས་བརྗོད་ཡོད་འདུག

ལོ་སྔོན་མའི་ཕྱི་ཟླ་ ༦ པའི་ནང་ལ་དྭགས་ཕྱོགས་ཀྱི་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དམག་མིའི་བར་དུ་ལོ་ངོ་བཅུ་ཕྲག་ནང་གི་དྲག་པོའི་གདོང་ཐུག་ཆེ་ཤོས་དེ་ཤོར་ནས་རྒྱ་གར་གྱི་དམག་མི་ ༢༠ རྐྱེན་ལམ་དུ་ཕྱིན་པའི་རྗེས། ད་བར་ཕྱོགས་གཉིས་ཀྱི་དམག་དཔོན་བར་དུ་གྲོས་མོལ་ཐེངས་ ༡༣ ཙམ་བྱས་ན་ཡང་། གཉིས་མོས་ཀྱི་གྲོས་མཐུན་ཞིག་འཇོག་མ་ཐུབ་པར་རྩོད་རྙོག་མུ་མཐུད་གནས་ནས་ཡོད། །

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།