རྒྱ་ནག་གིས་ཤིང་ཅང་གི་ཡུ་གུར་བ་རྣམས་སྔོན་ཆད་རང་མོས་ཀྱིས་ཁ་ཆེར་གྱུར་བ་མིན་ཚུལ་བརྗོད་འདུག
རྒྱ་ནག་གཞུང་གིས་ཤིང་ཅང་དུ་ཡུ་གུར་བས་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་མི་མང་ཡ་༢ མ་ཟིན་ཙམ་འཛིན་བཟུང་བཀག་ཉར་བྱེད་པའི་སྲིད་བྱུས་དེ་དྲང་བདེན་ཡིན་པ་སྒྲུབ་ཆེད། དུས་རབས་མང་པོའི་ལོ་རྒྱུས་ལ་བསྐྱར་ལོག་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་ཤིང་ཅང་དུ་ཡུ་གུར་བས་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་མི་མང་ཡ་༢ མ་ཟིན་ཙམ་འཛིན་བཟུང་བཀག་ཉར་བྱེད་པའི་སྲིད་བྱུས་དེ་དྲང་བདེན་ཡིན་པ་སྒྲུབ་ཆེད། དུས་རབས་མང་པོའི་ལོ་རྒྱུས་ལ་བསྐྱར་ལོག་བྱས་ཡོད་འདུག
དེ་ཡང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་འབྲེལ་ཤིན་ཧཱ་གསར་ཁང་ཐོག་སྤེལ་བའི་ཡིག་ཆ་དེར་ཁྱོན་བསྡོམས་ཚིག་འབྲུ་༦.༨༠༠ ལྡན་པ་དང་། གླེང་གཞི་དང་མཇུག་སྡོམ་གཉིས་མ་འདུས་པའི་ལེ་ཚན་བདུན་ཡོད་འདུག་སྟེ།
1.ཤིང་ཅང་ནི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན།
2.ཤིང་ཅང་ནམ་ཡང་”ཤར་ཏུར་ཁི་སི་ཐན”ཆགས་མྱོང་མེད།
3.ཤིང་ཅང་གི་གྲངས་ཉུང་མི་རིགས་རྣམས་རྒྱ་ནག་རྒྱལ་ཁབ་ཀྱི་ཆ་ཤས་ཡིན།
4. ཡུ་གུར་གྲངས་ཉུང་མི་རིགས་ནི་དུས་ཡུན་རིང་པོའི་གནས་སྤོ་དང་མཉམ་འདྲེས་ལ་བརྟེན་ནས་གྲུབ་པ་ཡིན།
5.ཡུ་གུར་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་ནི་རྒྱའི་རིག་གཞུང་གི་ཆ་ཤས་ཡིན།
6. ཤིང་ཅང་དུ་ཆོས་ལུགས་སྣ་ཚོགས་མཉམ་གནས་བྱས་ནས་ཡུན་རིང་ཕྱིན་ཡོད།
7. ཁ་ཆེའི་ཆོས་ལུགས་ནི་ཡུ་གུར་མི་རིགས་ཀྱི་གདོད་མའི་ཆོས་ལུགས་མ་ཡིན་ལ། ད་ཡུལ་གཅིག་པུ་དེའང་མ་ཡིན།
ཡིག་ཆ་དེའི་ནང་དུ་རྒྱ་ནག་དྲིལ་བསྒྲགས་ལས་ཁུངས་ཀྱིས་ཤིན་ཅང་ནི་དུས་རབས་མང་པོའི་རིང་ཆོས་ལུགས་སྣ་ཚོགས་མཉམ་གནས་བྱེད་ཡུལ་གྱི་ས་ཁུལ་ཞིག་ཡིན་པ་མ་ཟད། “ཤིང་ཅང་གིས་སོ་སོའི་མི་སེར་རྣམས་ཀྱིས་ཆོས་ལུགས་གང་རུང་ཞིག་ལ་དད་མོས་བྱེད་དང་མི་བྱེད་ཀྱི་རང་དབང་ལ་གུས་བཀུར་ཞུ་ཡི་ཡོད་”ཅེས་བཤད་པ་དང་ཆབས་ཅིག ཡང་ཁ་ཆེའི་ཆོས་ལུགས་ནི་དུས་རབས་བཅུ་པའི་ཆོས་ལུགས་དམག་འཁྲུག་ཁྲོད་ནང་པའི་བསྟན་པ་བསྣུབས་ནས་བཙན་ཤེད་ཀྱིས་ས་ཁུལ་དེར་ཁྱབ་སྤེལ་བཏང་བ་ཞིག་ཡིན་སྐོར་བཀོད་ཡོད་འདུག
རྒྱ་གཞུང་གིས་ཡིག་ཆ་དེའི་ནང་”ཡུ་གུར་བ་རྣམས་ཁ་ཆེར་གྱུར་བ་དེ་མི་སེར་དཀྱུས་མ་རྣམས་ཀྱིས་འདོད་མོས་ངང་ཐག་གཅོད་བྱས་པ་ཞིག་མ་ཡིན་པར། ཆོས་ལུགས་ཀྱི་དམག་འཁྲུག་དང་དབང་བསྒྱུར་གྲལ་རིམ་གྱིས་བཙན་ཤེད་ཀྱིས་བྱས་པ་ཞིག་རེད་”ཅེས་བཀོད་ཡོད་པ་མ་ཟད། “ཁ་ཆེའི་ཆོས་ལུགས་ནི་ཡུ་གུར་མི་རིགས་ཀྱི་གདོད་མའི་ཆོས་ལུགས་མ་ཡིན་ལ། ད་ཡུལ་གཅིག་པུ་དེའང་མ་ཡིན་”ཞེས་བསྣན་ཡོད་འདུག
དེ་ཡིས་མ་ཚད། དེའི་ནང་ད་རུང་ཤིན་ཅང་ས་ཁུལ་གྱི་ལོ་རྒྱུས་དེ་”ཕྱིའི་བཙན་རྒྱལ་དང་། ཁ་བྲལ་བ། འཇིགས་སྐུལ་བ་བཅས་ཀྱིས་འཁྱོགས་བརྗོད་བྱས་པ་”ཡིན་སྐོར་བཀོད་པའི་ཐོག “ཤིན་ཅང་ནི་ཡུན་རིང་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པས། དེ་ལ་ཤར་ཏུར་ཁི་སི་ཐན་ཞེས་པའི་མིང་དེ་གཏན་ནས་ཐོགས་མྱོང་མེད་”ཅེས་ཡུ་གུར་བ་རྣམས་ཏུ་ཁིའི་(Turks) མི་རིགས་ལས་མཆེད་པའི་ལྟ་ཚུལ་ལ་དགག་པ་བརྒྱབས་ཡོད་འདུག
ཡིག་ཆ་དེའི་ནང་འཁོད་པ་ལྟར་ན། ད་ལྟའི་ཆར་ཤིན་ཅང་དུ་ཁ་ཆེའི་ལྷ་ཁང་༢༤༤༠༠ དང་། ནང་པ་དང་ཡེ་ཤུའི་ལྷ་ཁང་ ༤༠༠ བཅས་ཁྱོན་བསྡོམས་ཆོས་ལུགས་ཀྱི་བྱེད་སྒོ་གཉེར་ས་༢༤༨༠༠ ཡོད་འདུག ཡིན་ན་ཡང་། ཡུ་གུར་བ་རྣམས་བ་དང་རྒྱལ་སྤྱིའི་མི་མང་ཚོས་བརྗོད་པ་ལྟར་ན། རྒྱ་ནག་གིས་ཤིན་ཅང་དུ་སྤེལ་བཞིན་པའི་ལས་འགུལ་དེ་ནི་རིག་གཞུང་དང་མི་རིགས་རྩ་མེད་བཟོ་བའི་ལས་འགུལ་ཞིག་ཡིན་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།