རྒྱ་ནག་གིས་ཧོང་ཀོང་གི་གློག་བརྙན་འཁྲབ་སྟོན་གྱི་ཁྲིམས་བསྐྱར་བཅོས་བྱེད་འཆར།
ཧོང་ཀོང་སྲིད་གཞུང་གིས་གློག་བརྙན་དང་འབྲེལ་བའི་ཁྲིམས་བསྐྱར་བཅོས་བྱས་ཏེ་“རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་”གློག་བརྙན་རྣམས་བསྟན་ན། ལོ་གསུམ་བར་དུ་བཙོན་འཇུག་དང་། ཧོང་ཀོང་གི་སྒོར་མོ་ས་ཡ་གཅིག་གི་ཉེས་ཆད་གཅོད་རྒྱུ་ཡིན་སྐོར་བརྗོད་འདུག
ཧོང་ཀོང་སྲིད་གཞུང་གིས་གློག་བརྙན་དང་འབྲེལ་བའི་ཁྲིམས་བསྐྱར་བཅོས་བྱས་ཏེ་“རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་”གློག་བརྙན་རྣམས་བསྟན་ན། ལོ་གསུམ་བར་དུ་བཙོན་འཇུག་དང་། ཧོང་ཀོང་གི་སྒོར་མོ་ས་ཡ་གཅིག་གི་ཉེས་ཆད་གཅོད་རྒྱུ་ཡིན་སྐོར་བརྗོད་འདུག
ན་ནིང་ཕྱི་ཟླ་༦ པའི་ནང་དུ་རྒྱ་ནག་གཞུང་གིས་ཧོང་ཀོང་གྲོང་ཁྱེར་དུ་“རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་”ཞེས་པ་ཞིག་གཏན་ལ་ཕབ་པ་ནས་བཟུང་། ཁྲིམས་དེར་ཁ་གཡར་ནས་མང་གཙོའི་ལས་འགུལ་བ་དང་། ཕྱོགས་འགལ་ཆབ་སྲིད་པ། རང་དབང་འཐབ་རྩོད་པ། རང་དབང་ཅན་གྱི་གསར་ཁང་རྣམས་ལ་ཉེས་མིང་སྣ་ཚོགས་གཡོགས་ནས་དྲག་གནོད་བྱེད་ཀྱི་ཡོད་པ་ལྟར། ཐེངས་འདིར་ཧོང་ཀོང་ཁྱེར་གྱི་གློག་བརྙན་དང་འབྲེལ་བའི་ཁྲིམས་ཀྱང་བསྐྱར་བཅོས་བྱེད་དགོས་པའི་གྲོས་འཆར་བཏོན་ཡོད་འདུག
ཁྲིམས་ཀྱི་བསྐྱར་བཅོས་དེའི་འོག་ཏུ། ཧོང་ཀོང་དུ་གློག་བརྙན་གསར་པ་ཞིག་སྟོན་འགོ་མ་བརྩམས་གོང་དུ། དེར་“རྒྱལ་ཁབ་ཀྱི་བདེ་འཇགས་”ལ་གནོད་པའི་ཆ་ཡོད་མེད་ཞིབ་བཤེར་ནན་པོ་བྱེད་དགོས་པ་མ་ཟད། དེ་སྔོན་ཧོང་ཀོང་དུ་སྟོན་ཆོག་པའི་གློག་བརྙན་རྙིང་པ་རྣམས་ཀྱང་བསྐྱར་དུ་ཞིབ་བཤེར་བྱས་ཏེ་སྟོན་ཆོག་མིན་ཐག་གཅོད་བྱེད་དགོས་ཀྱི་ཡོད་འདུག
ཁ་སང་རེས་གཟའ་མིག་དམར་ཉིན་བསྐོངས་པའི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ལ། ཧོང་ཀོང་གི་ཚོང་ལས་དྲུང་ཆེ་ཨེ་ཌི་ཝོར་ཌི-ཡོ་(Edward Yau) ཡིས་“འདས་མ་འོངས་ད་ལྟའི་མི་མང་ལ་སྟོན་རྒྱུའི་གློག་བརྙན་ཅི་འདྲ་ཞིག་ཡིན་རུང་། ཆོག་མཆན་འཐོབ་དགོས་”ཞེས་བརྗོད་ཡོད་འདུག་པ་དང་། ཁྲིམས་དེ་ཧོང་ཀོང་ནང་དང་ཕྱིའི་རྒྱལ་ཁབ་ཁག་ནས་བཟོ་སྐྲུན་བྱས་པའི་གློག་བརྙན་ཚང་མར་གཅིག་མཚུངས་སུ་ལག་བསྟར་བྱེད་འཆར་ཡོད་འདུག
གལ་སྲིད་ཁྲིམས་དེ་དང་འགལ་ནས་བཀག་སྡོམ་བྱས་པའི་གློག་བརྙན་སྟོན་མཁན་བྱུང་བ་ཡིན་ན། དེ་ལོ་གསུམ་བར་དུ་བཙོན་འཇུག་དང་། ཧོང་ཀོང་གི་སྒོར་མོ་ས་ཡ་གཅིག་གི་ཉེས་ཆད་གཅོད་རྒྱུའི་གཏན་འབེབས་བྱེད་འཆར་ཡོད་འདུག་ཅིང་། དེ་ནི་རྒྱ་ནག་སྐམ་ས་ཆེན་མོའི་གློག་བརྙན་གྱི་ཁྲིམས་དང་འདྲ་བོ་ཆགས་ཀྱི་ཡོད་འདུག
དབྱིན་ཇི་གཞུང་གིས་ཕྱི་ལོ་༡༩༩༧ ལོར་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱེད་སྐབས། རྒྱ་ནག་གིས་ཧོང་ཀོང་དུ་ལོ་ལྔ་བཅུའི་རིང་ལ་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་སྲིད་བྱུས་ཀྱི་སྒྲོམ་གཞིིའི་འོག་ནས་སྐམ་ས་ཆེན་མོར་མེད་པའི་སྨྲ་བརྗོད་རང་དབང་དང་། གསར་འགོད་རང་དབང་འདུས་པའི་རང་དབང་དང་། མང་གཙོའི་ཁེ་དབང་མང་པོ་ཞིག་ཁས་བླངས་ཡོད།
ཡིན་ན་ཡང་། སྔར་གོ་ལའི་དཔལ་འབྱོར་གྱི་ལྟེ་བ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”སམ་རང་སྲིད་རང་སྐྱོང་གི་དཔེ་མཚོན་དུ་གྱུར་བའི་ཧོང་ཀོང་ད་ལྟ་མགྱོགས་མྱུར་བོད་དང་ཤར་ཏུ་ཁི་སི་ཐན་ལྟར་རྒྱ་ནག་གི་བཙན་གནོན་དྲག་པོའི་འོག་ཏུ་ཡོད་པའི་གྲོང་ཁྱེར་སྤྱིར་བཏང་ཞིག་ཏུ་གྱུར་ནས། རང་དབང་། འགྲོ་བ་མིའི་ཐོབ་ཐང་ལ་སོགས་པའི་མང་གཙོའི་ཁེ་དབང་ཡོད་ཚད་གཅིག་རྗེས་གཉིས་མཐུད་ངང་རྩ་མེད་དུ་འགྲོ་བཞིན་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།