རྒྱ་ནག་གིས་ཧོང་ཀོང་གི་ངོ་རྒོལ་བ་ཚོས་“སྡིག་ཉེས་”བསགས་པའི་སྐྱོན་འཛུགས།
ཟླ་འདིའི་ཚེས་༣༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལ། རྒྱ་ནག་གཞུང་ནས་ཧོང་ཀོང་གི་མང་གཙོ་དོན་གཉེར་བའི་ངོ་རྒོལ་བ་ཚོས་གྲོང་ཁྱེར་དེའི་མཚན་སྙན་དང་བརྟན་ལྷིང་ལ་གནོད་པའི་སྡིག་ཉེས་ཚབས་ཆེན་བསགས་པའི་སྐྱོན་འཛུགས་བྱས་འདུག
ཟླ་འདིའི་ཚེས་༣༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལ། རྒྱ་ནག་གཞུང་ནས་ཧོང་ཀོང་གི་མང་གཙོ་དོན་གཉེར་བའི་ངོ་རྒོལ་བ་ཚོས་གྲོང་ཁྱེར་དེའི་མཚན་སྙན་དང་བརྟན་ལྷིང་ལ་གནོད་པའི་སྡིག་ཉེས་ཚབས་ཆེན་བསགས་པའི་སྐྱོན་འཛུགས་བྱས་འདུག
གཟའ་ཟླ་བར་པེ་ཅིང་ནས་སྤེལ་བའི་གསར་འགོད་གསལ་བསྒྲགས་ཐོག ཧོང་ཀོང་དང་མེ་ཁོའུ་ཡི་རྒྱ་ནག་གཞུང་གི་ལས་ཁུངས་ཀྱི་མགྲིན་ཚབ་པ་ཡོ་གྷན་(Yang Guang) གྱིས་ཧོང་ཀོང་གི་གནས་སྟངས་ཛ་དྲག་རེད་ཅེས་བཤད་པའི་ཐོག པེ་ཅིང་གཞུང་ནས་རྒྱལ་ཁབ་གི་བདེ་འཇགས་དང་བདག་དབང་གི་ཁ་གཏད་དུ་སུ་གཅིག་ཀྱང་ལངས་སུ་འཇུག་གི་མིན་ཚུལ་སྨྲས་འདུག
ཁོ་གིས་“དཔལ་ཡོན་དང་སྒྲིག་ཁྲིམས་ལྡན་པའི་སྤྱི་ཚོགས་གང་གིས་ཀྱང་འཚེ་བའི་བྱ་སྤྱོད་འབྱུང་དུ་འཇུག་གི་མ་རེད། ང་ཚོས་ཧོང་ཀོང་གི་མི་མང་སྤྱི་ལ་ད་ལྟའི་གནས་སྟངས་ཀྱི་ཛ་དྲག་རང་བཞིན་ལ་དོགས་ཟོན་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་”ཞེས་ཧོང་ཀོང་གི་མི་སེར་རྣམས་ལ་ངོ་རྒོལ་བ་ཚོར་སྐྱོན་འཛུགས་བྱེད་དགོས་པའི་སྐུལ་མ་བྱས་པའི་ཁར། “ཧོང་ཀོང་ནི་རྒྱ་ནག་གི་ཧོང་ཀོང་རེད། ཧོང་ཀོང་གི་གནད་དོན་ནི་རྒྱ་ནག་རང་ཁུལ་གྱི་གནད་དོན་རེད་”ཅེས་བསྣན་འདུག
ཕྱི་ཟླ་དྲུག་པའི་སྟོད་ལ་ཉེས་ཅན་རྣམས་རྒྱ་ནག་སྐམ་ས་ཆེན་མོར་ཁྲིད་ན་ཆོག་པའི་ཁྲིམས་འཆར་རྩོད་རྙོག་ཅན་དེ་གཏན་ལ་འབེབས་འཆར་བྱས་པའི་དབང་གིས་འགོ་ཚུགས་པའི་ངོ་རྒོལ་ཆེན་མོའི་ཐོག་ཏུ། རྒྱ་ནག་གི་ལས་ཁུངས་མཐོན་པོ་དེས་གསར་འགོད་གསལ་བསྒྲགས་སྤེལ་བ་ད་ཐེངས་འདི་ཐོག་མ་ཆགས་འདུག་ལ། མགྲིན་ཚབ་པ་ཡོ་གྷན་གྱིས་གོ་སྐབས་དེ་དང་བསྟུན་ནས་ཧོང་ཀོང་སྤྱི་ཁྱབ་དཔོན་ཁེ་ར་ལམ་(Carrie lam) དང་། ཧོང་ཀོང་གི་ཉེན་རྟོག་པ་ཚོར་རྒྱ་ནག་གཞུང་གི་རྒྱབ་སྐྱོར་ཆ་ཚང་ཡོད་ཚུལ་བཤད་འདུག
ཉེ་བའི་བདུན་ཕྲག་འགའི་རིང་ངོ་རྒོལ་དུ་མ་ཞིག་གོ་སྒྲིག་བྱེད་མཁན་ཏེ། མི་མང་གི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ(Civil Human Right Front) ཡི་ཚོགས་མི་ཇའུ་མེད-ཤམ་(Jimmy Shum) གྱིས་གསར་འགོད་གསལ་བསྒྲགས་དེར་“བློ་ཕམ་”བྱུང་ཞེས་དང་། ཁོང་གིས་“ཁེ་ར་ལམ་གོ་གནས་ལས་མར་འབབ་དགོས་བརྗོད་མ་སོང་བས། གསར་འགོད་གསལ་བསྒྲགས་དེས་ཧོང་ཀོང་མི་མང་གི་སྐར་མ་ ༤༠ ཆུད་ཟོས་སུ་བཏང་སོང་”ཞེས་བརྗོད་འདུག
ལྷིང་འཇགས་བྲལ་བའི་བདུན་ཕྲག་བརྒྱད།
ད་ནི་གོ་ལའི་དཔལ་འབྱོར་ལྟེ་བར་གྱུར་བའི་ཧོང་ཀོང་གྲོང་ཁྱེར་དུ་བསྟུད་མར་ངོ་རྒོལ་ཆེན་མོ་བྱུང་ནས་བདུན་ཕྲག་བརྒྱད་ལ་ཟིན་ཡོད་ཅིང་། དུས་ཡུན་འདིའི་རིང་ཧོང་ཀོང་ལ་མང་གཙོ་དགོས་པ་དང་། ཉེན་རྟོག་པའི་གདུག་རྩུབ་ལ་ཞིབ་འཇུག་དགོས་པ། སྤྱི་ཁྱབ་དཔོན་ཁེ་ར་ལམ་དགོངས་པ་ཞུ་དགོས་པ་བཅས་ཀྱིས་མཚོན་པའི་ངོ་རྒོལ་བ་ཚོའི་དགོས་འདུན་ཡང་ཆེ་རུ་ཕྱིན་ཡོད་ལ། དེ་བཞིན་ངོ་རྒོལ་བ་ཚོ་ལ་བརྟེན་ནས་བྱུང་བའི་འཚེ་བ་དང་དྲག་པོ་ཡང་མུ་མཐུད་ཇེ་ཆེར་འགྱུར་བཞིན་ཡོད་གདའ། །
གསར་འགོད་པ་དཀོན་མཆོག་རབ་བརྟན།