རྒྱ་ནག་གིས་ཨ་རིའི་ཆབ་སྲིད་པ་རྣམས་༢༠༢༢ ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོར་“མགྲོན་འབོད་”བྱེད་འཆར་མེད་ཟེར་འདུག
ཨ་རི་དང་དབྱིན་ཇི། ཁེ་ན་ཌ། ཨོ་སི་ཁྲུ་ལི་ཡ་ལ་སོགས་པའི་མང་གཙོའི་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱིས་༢༠༢༢ ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་གཞུང་འབྲེལ་ཐོག་ནས་བཀག་སྡོམ་(Diplomatic boycott) བྱེད་རྒྱུར་བསམ་གཞིགས་ནན་པོ་གཏོང་བཞིན་པའི་སྐབས་འདིར། རྒྱ་ནག་གིས་གནད་དོན་དེ་གླེང་སློང་བྱེད་མཁན་གྱི་“ཨ་རི་དང་། ནུབ་ཕྱོགས་ཀྱི་ཆབ་སྲིད་པ་རྣམས་རྩེད་འགྲན་ཆེན་མོ་དེར་མགྲོན་འབོད་བྱེད་པའི་འཆར་གཞི་གཏན་ནས་མེད་”ཅེས་བཤད་འདུག

ཕྱི་ཟླ་༡༡ པའི་ཚེས་༢༩ ཉིན་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་གོ་ལའི་དུས་བབ་(Global Times) ཀྱིས་༢༠༢༢ ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་དང་འབྲེལ་བའི་གནས་ཚུལ་ཞིག་སྤེལ་བའི་ནང་། རྒྱ་ནག་གིས་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་བཀག་སྡོམ་བྱེད་དགོས་ཚུལ་བཤད་མཁན་གྱི་“ཨ་རི་དང་ནུབ་ཕྱོགས་ཀྱི་ཆབ་སྲིད་པ་རྣམས་མགྲོན་འབོད་བྱེད་འཆར་གཏན་ནས་མེད་”སྐོར་བཤད་འདུག
༢༠༢༢ ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་འཚོགས་པར་ཟླ་ཤས་ལས་མེད་པའི་སྐབས་འདིར། རྒྱལ་སྤྱིའི་རྩེད་འགྲན་ཆེན་མོ་དེ་གཞུང་འབྲེལ་ཐོག་ནས་བཀག་སྡོམ་བྱེད་དགོས་པའི་གླེང་སློང་དང་བསམ་གཞིགས་བྱེད་མཁན་གྱི་རྒྱལ་ཁབ་ཇེ་མང་དུ་འགྱུར་བཞིན་ཡོད་འདུག་སྟེ། ཉེ་བའི་བདུན་ཕྲག་འགའི་ནང་དུ་ཨ་རི་དང་། ཨོ་སི་ཁྲུ་ལི་ཡ། དབྱིན་ཇི། ཁ་ན་ཌ་བཅས་ཀྱིས་རྩེད་འགྲན་ཆེན་པོ་དེ་གཞུང་འབྲེལ་ཐོག་ནས་བཀག་སྡོམ་བྱེད་རྒྱུར་བསམ་གཞིགས་ནན་པོ་བྱེད་བཞིན་པའི་སྒང་ཡིན་ཚུལ་བསྒྲགས་ཡོད།
གོ་ལའི་དུས་བབ་ཀྱི་རྩོམ་ཡིག་དེའི་ནང་དུ། “གོ་ལ་ཡོངས་ཀྱི་ཏོག་དབྱིབས་ནད་ཡམས་ཀྱི་ཛ་དྲག་གནས་སྟངས་ལ་བརྟེན་ནས། ཕྱིའི་རྒྱལ་ཁབ་ཀྱི་སྐུ་མགྲོན་མང་པོ་གདན་ཞུ་བྱས་ན་འགྲིག་གི་མེད་པ་དང་། དེ་ནི་རྣམ་དཔྱོད་ལྡན་པའི་མི་མང་གིས་ཤེས་གསལ་རེད་”ཅེས་བཤད་པའི་ཐོག རྒྱ་ནག་གིས་“སྟབས་བདེ་དང་བདེ་འཇགས་ཀྱི་རྩེད་འགྲན་ལེགས་པོ་ཞིག་”གོ་སྒྲིག་བྱེད་རྒྱུའི་དམིགས་ཡུལ་འཆང་གི་ཡོད་ཚུལ་བསྣན་འདུག
༢༠༢༢ ལོའི་དགུན་ཁའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་དེ་ཕྱི་ལོ་༢༠༢༢ ལོའི་ཕྱི་ཟླ་༢ པའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་གཏན་འཁེལ་ཡོད་ཅིང་། དེ་ནི་༢༠༠༨ ལོའི་དབྱར་ཁའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོའི་རྗེས་སུ་རྒྱ་ནག་ཏུ་འཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་རྩེད་མོའི་འགྲན་བསྡུར་ཆེ་ཤོས་དེ་ཆགས་ཀྱི་ཡོད་འདུག འོན་ཀྱང་། ད་ལྟ་༢༠༢༢ ལོའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་བཀག་སྡོམ་བྱེད་དགོས་པའི་དགོས་འདུན་འདོན་མཁན་གྱི་གྲོས་ཚོགས་འཐུས་མི་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཇེ་མང་དུ་འགྲོ་བཞིན་ཡོད་འདུག་པས། རྩེད་འགྲན་ཆེན་མོ་དེ་གཞུང་འབྲེལ་ཐོག་ནས་བཀག་སྡོམ་བྱེད་སྲིད་པ་ཆགས་ཀྱི་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།