རྒྱ་ནག་གིས་ཨ་རུ་ན་ཅལ་ཉེ་སར་ཐད་འཕུར་གནམ་གྲུའི་འབབ་ཚུགས་གསར་རྒྱག་བྱེད་བཞིན་པ་ལ་རྒྱ་གར་གྱི་སེམས་འཚབ།
ཨ་རུ་ན་ཅལ་མངའ་སྡེ་ནི་རྒྱ་དཀར་ནག་གཉིས་བར་ཧ་ཅང་གིས་རྩོད་གཞི་ཅན་ཞིག་ཆགས་ཀྱི་ཡོད་པ་དང་། དམིགས་བསལ་ཕྱི་ལོ་༡༩༦༢ ལོར་རྒྱ་ནག་གིས་ཨ་རུ་ན་ཅལ་ས་ཁུལ་མང་པོ་ཞིག་བཙན་བཟུང་བྱས། ཕྱིས་སུ་རྒྱ་ནག་གི་དམག་མི་ས་ཆ་དེ་དག་ནས་ཕྱིར་འཐེན་བྱས་ཡོད་འདུག་ཀྱང་། ད་སྐབས་རྒྱ་ནག་གིས་ཨ་རུ་ན་ཅལ་ཉེ་འཁོར་བོད་ནང་གི་ས་ཆར་ཐད་འཕུར་གནམ་གྲུའི་འབབ་ཚུགས་སོགས་དམག་གི་རྟེན་གཞི་མང་པོ་ཞིག་འཛུགས་སྐྲུན་བྱེད་ཀྱི་ཡོད་པས་རྒྱ་གར་གྱི་བདེ་འཇགས་ལ་སེམས་འཚབ་ཆེན་པོ་ཡོང་གི་ཡོད་འདུག
ཕྱི་ཚེས་༡༨ ཉིན་རྒྱ་གར་གྱི་གསར་ཁང་(NDTV)ཡིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རུ་ན་ཅལ་མངའ་སྡེའི་བྱང་ཤར་ཕྱོགས་ནས་ཀེ་ལོ་མེ་ཊར་༢༠ སར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རྒྱ་ནག་གཞུང་གིས་འདས་པའི་ཟླ་བ་༩ ནང་དམག་གི་ཐད་འཕུར་གནམ་གྲུའི་འབབ་ཚུགས་ཤིག་གསར་རྒྱག་བྱེད་བཞིན་ཡོད་པ་གསར་ཁང་དེ་ལ་གནས་ཚུལ་མཁོ་སྤྲོད་བྱུང་ཡོད་འདུག སྤྱིར་བཏང་རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་སྡེའི་ཉེ་འཁོར། བོད་ནང་དུ་དམག་གི་རྟེན་གཞིའི་འཛུགས་སྐྲུན་མང་པོ་ཞིག་དང་གྲོང་གསེབ་གསར་རྒྱག་གི་ལས་གཞི་རྒྱ་ཆེན་པོ་ཞིག་བྱེད་བཞིན་ཡོད་འདུག
དེ་བཞིན་རྒྱ་གར་གཞུང་གིས་ཀྱང་ཨ་རུ་ན་ཅལ་མངའ་སྡེ་དང་། གཞན་བྱང་ཤར་ཁུལ་དུ་ཡོད་པའི་མངའ་སྡེ་གསུམ་བཅས་ཁྱོན་མངའ་སྡེ་བཞིའི་ནང་དམག་གི་རྟེན་གཞི་འཛུགས་སྐྲུན་གྱི་ལས་གཞི་དང་གཞུང་ལམ་གསར་རྒྱག མེ་འཁོར་ལྕགས་ལམ། གནམ་ཐང་སོགས་ཀྱི་ལས་གཞི་མང་པོ་ཞིག་སྤེལ་བཞིན་ཡོད་པ་དང་། རྒྱ་གར་གཞུང་གིས་ཉེ་ཆར་ལས་གཞི་དེ་དག་གི་ཆེད་དུ་ཧིན་སྒོར་ས་ཡ་༤༨༠༠༠ བཏང་ནས་འཛུགས་སྐྲུན་གྱི་ལས་གཞི་སྤེལ་ཡོད་འདུག་ལ། ད་ཆར་རྒྱ་དཀར་ནག་གཉིས་ཀ་ཡིས་རྒྱ་གར་དང་བོད་ཀྱི་ས་མཚམས་སུ་དམག་གི་རྟེན་གཞི་འཛུགས་སྐྲུན་རྒྱ་ཆེན་པོ་བྱེད་བཞིན་ཡོད་པ་དེ་ལ་རྒྱ་གར་གྱི་དམག་དོན་ཉམས་ཞིབ་པ་ཚོས། རྒྱ་ནག་གཞུང་ཕྱོགས་ནས་རྒྱ་དཀར་ནག་གཉིས་བར་གྱི་ས་མཚམས་རྩོད་རྙོག་དེ་སེལ་འདོད་མེད་པའི་རྟགས་མཚན་ཞིག་ཡིན་པ་དང་། མ་འོངས་པར་རྩོད་རྙོག་དེ་མུ་མཐུད་ནས་ཡོང་རྒྱུ་ཡིན་པར་བརྟེན། རྒྱ་གར་གྱི་ས་མཚམས་དམག་མི་དང་ཉམས་ཞིབ་པ་ཚོས་དོ་སྣང་ཆེན་པོ་བྱེད་དགོས་ཚུལ་བརྗོད་འདུག
འབྱུང་འགྱུར་གྱི་དུས་ཡུན་ནང་(BRICS)ལྷན་ཚོགས་ཀྱི་ཚོགས་འདུ་དེ་ཀ་ཛག་སི་ཐན་ནང་ཚོགས་འཆར་ཡོད་འདུག་པར་བརྟེན། སྐབས་དེ་དུས་རྒྱ་དཀར་ནག་གཉིས་བར་གྲོས་མོལ་བྱེད་རྒྱུའི་རེ་བ་བྱེད་བཞིན་ཡོད་འདུག་ཀྱང་། རྒྱ་ནག་གི་ངོས་ནས་ཧི་མ་ལ་ཡའི་མངའ་ཁུལ་དུ་དམག་མི་རྟེན་གཞི་འཛུགས་སྐྲུན་སྔར་ལས་ཇེ་ཆེ་དང་ཇེ་མང་དུ་གཏོང་བཞིན་ཡོད་པས། ཕྱོགས་གཉིས་ཀྱི་རྩོད་རྙོག་ལ་འགྱུར་བ་གང་ཡང་ཡོང་གི་མ་རེད་ཅེས་ཉམས་ཞིབ་པ་དང་སྲིད་དོན་མཁས་པ་ཚོས་རྗོད་ཀྱི་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།