རྒྱ་ནག་གིས་ཨབ་གྷན་ལ་ཨ་སྒོར་ས་ཡ་༣༡ ལྷག་གི་རོགས་སྐྱོར་བྱེད་འཆར་འདུག
ཨབ་གྷ་ནི་སེ་ཐན་ནང་ནས་ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་རྣམས་ཀྱི་དམག་ཤུགས་ཕྱིར་འཐེན་བྱས་ཟིན་པ་དང་བསྟུན། རྒྱ་ནག་གིས་ཁུལ་དེར་དབང་ཤུགས་རྒྱ་སྐྱེད་གཏོང་ཐབས་ཀྱི་ལས་དོན་ཁོངས་སུ་ཨབ་གྷན་ལ་ཟས་རིགས་དང་ཏོག་དབྱིབས་སྔོན་འགོག་སྨན་ཁབ་སོགས་ཀྱི་རོགས་སྐྱོར་བྱེད་འཆར་འདུག
ཨབ་གྷ་ནི་སེ་ཐན་ནང་ནས་ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་རྣམས་ཀྱི་དམག་ཤུགས་ཕྱིར་འཐེན་བྱས་ཟིན་པ་དང་བསྟུན། རྒྱ་ནག་གིས་ཁུལ་དེར་དབང་ཤུགས་རྒྱ་སྐྱེད་གཏོང་ཐབས་ཀྱི་ལས་དོན་ཁོངས་སུ་ཨབ་གྷན་ལ་ཟས་རིགས་དང་ཏོག་དབྱིབས་སྔོན་འགོག་སྨན་ཁབ་སོགས་ཀྱི་རོགས་སྐྱོར་བྱེད་འཆར་འདུག
ཟླ་༩ པའི་ཚེས་༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་ནག་གི་ཕྱི་དྲིལ་ལས་ཁུངས་ཀྱིས་གསལ་བསྒྲགས་སྤེལ་དོན་ལ། རྒྱ་ནག་གིས་ཨབ་གྷ་ནི་སེ་ཐན་ལ་ཟས་རིགས་དང་དགུན་ཁའི་མཁོ་ཆས། སྔོན་འགོག་སྨན་ཁབ། སྨན་སོགས་ཀྱི་འགྲོ་གྲོན་འབོར་ཨ་སྒོར་ས་ཡ་༣༡ ལྷག་གི་རོགས་སྐྱོར་བྱེད་རྒྱུ་ཡིན་པ་དང་། སྔོན་འགོག་སྨན་ཁབ་རོགས་སྐྱོར་གྱི་རིམ་པ་དང་པོའི་ནང་དུ་སྨན་ཁབ་ས་ཡ་༣ སྤྲོད་རྒྱུ་ཡིན་སྐོར་བརྗོད་འདུག
ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་རྣམས་ཨབ་གྷ་ནི་སེ་ཐན་ནས་ཕྱིར་འཐེན་དང་། རྒྱལ་ཁབ་དེའི་སྲིད་དབང་ཏ་ལི་བྷན་དྲག་སྤྱོད་རུ་ཁག་གིས་བཙན་འཕྲོག་བྱས་པའི་རྗེས་སུ། ཏ་ལི་བྷན་གྱིས་རྒྱ་ནག་ནི་ཁོ་ཚོའི་མཐུན་གྲོགས་གཙོ་བོ་དེ་ཡིན་སྐོར་བརྗོད་ཡོད་པ་རེད།
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡཱེ་ཡིས་བརྗོད་དོན་ལ། ཨ་རིས་ཨབ་གྷ་ནི་སེ་ཐན་གྱི་རང་བཙན་དང་བདག་དབང་ལ་གུས་བརྩི་ཡོད་པའི་ཐོག་ནས། རྒྱལ་ཁབ་དེའི་འཕེལ་རྒྱས་དང་བརྟན་ལྷིང་ཡོང་བར་རོགས་སྐྱོར་བྱེད་པའི་འགན་ཁུར་དགོས་པ། དེ་བཞིན་ཏ་ལི་བྷན་གྱིས་ཨབ་གྷན་ནང་དུ་འཇིགས་སྐུལ་རིང་ལུགས་པ་རྣམས་ལ་ཁ་གཏད་དྲག་པོ་བཅག་དགོས་ཁར། རྒྱལ་ཁབ་ཀྱི་མི་རིགས་མི་འདྲ་བ་རྣམས་གཅིག་སྒྲིལ་བཟོ་དགོས་སྐོར་བརྗོད་འདུག
བདུན་ཕྲག་སྔོན་མར་ཏ་ལི་བྷན་གྱི་མགྲིན་ཚབ་པས་རྒྱ་ནག་ནི་ཨབ་གྷན་གྱི་ཁྱིམ་མཚེས་གལ་ཆེན་དང་སྟོབས་ཆེན་ཞིག་ཡིན་ཁར། ཕྱོགས་གཉིས་བར་འབྲེལ་བ་བཟང་པོ་ཡོད་པས། འབྲེལ་བ་དེ་དག་གོང་འཕེལ་གཏོང་བ་དང་ཕྱོགས་གཉིས་བར་གྱི་ཡིད་ཆེས་ཀྱི་ཚད་གཞི་མཐོ་རུ་གཏོང་འདོད་ཡོད་སྐོར་བརྗོད་འདུག
དེ་ཡང་ཟླ་༧ པའི་ནང་ཏ་ལི་བྷན་གྱིས་ཨབ་གྷན་གྱི་སྲིད་དབང་བཟུང་ཐུབ་མེད་པ་རེད་དེ། རྒྱ་ནག་གི་གྲོང་ཁྱེར་ཊེན་ཇེན་ནང་དུ་ཏ་ལི་བྷན་གྱི་འགོ་ཁྲིད་དང་རྒྱ་ནག་གི་བློན་ཆེན་ཐུག་འཕྲད་བྱས་འདུག སྐབས་དེར་རྒྱ་ནག་གིས་ཨབ་གྷན་ནང་ཏ་ལི་བྷན་ནི་ཆབ་སྲིད་དང་དམག་ཤུགས་ཀྱི་ནུས་པ་གལ་ཆེན་ཞིག་ཡིན་པ་དང་། ཁོ་ཚོས་ཨབ་གྷན་གྱི་ཞི་བདེ་དང་བསྐྱར་གསོ། འགྲིགས་འཇགས་ལ་འགན་ཁུར་གལ་ཆེན་ལེན་རྒྱུ་ཡིན་སྐོར་བསྒྲགས་འདུག ཏ་ལི་བྷན་གྱིས་ཚོགས་པ་སུ་གང་གིས་ཨབ་གྷན་གྱི་ས་ཁོངས་དེ་རྒྱ་ནག་ལ་གནོད་འཚེ་སྐྱེལ་བའི་བྱ་སྤྱོད་སྤེལ་བར་བེད་སྤྱོད་བྱེད་དུ་འཇུག་རྒྱུ་མིན་པའི་ཁས་ལེན་བྱས་ཡོད་པ་རེད་འདུག
དེ་ཡང་དཔྱད་བརྗོད་པ་ཚོས་བརྗོད་དོན་ལྟར་ན། རྒྱ་ནག་གིས་ཞེད་སྣང་བྱེད་དོན་ལ། བཙན་བཟུང་འོག་ཡོད་པའི་ཡུ་གུར་ས་ཁུལ་གྱི་རང་བཙན་འཐབ་རྩོད་ཆེད་དུ། ཨབ་གྷན་ས་ཁོངས་དེ་གཞི་རྟེན་ལ་བེད་སྤྱོད་བྱེད་སྲིད་པའི་སེམས་འཚབ་བྱེད་ཀྱི་ཡོད་པ་རེད་འདུག
ཉེ་བའི་ཆར་ཏ་ལི་བྷན་གྱིས་བར་གནས་ཀྱི་གཞུང་ཞིག་གསལ་བསྒྲགས་བྱས་ཡོད་པ་དང་། ལས་གནས་མཐོ་བ་ཚང་མ་སྐྱེས་པ་ཡིན་པ་མ་ཟད། ཚང་མ་དྲག་སྤྱོད་པ་དང་རྙིང་ཞེན་རིང་ལུགས་པ་ཤ་སྟག་ཡིན་འདུག་པས། རྒྱལ་ས་ཀ་བྷུལ་ནང་དུ་བུད་མེད་ལས་འགུལ་བ་མང་པོ་ཞིག་གིས་ངོ་རྒོལ་སྐད་འབོད་བྱས་འདུག སྐབས་དེར་ཏ་ལི་བྷན་གྱིས་བུད་མེད་ཚོར་རྟ་ལྕག་དང་དབྱུག་པས་བརྡུངས་ཡོད་ཁར། གསར་འགོད་པ་ཁག་ཅིག་ལ་ཡང་བརྡུངས་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།