རྒྱ་ནག་ཉེན་རྟོག་པས་མི་ལ་སྡུག་སྦྱོང་བྱེད་སྟངས་ཀྱི་རི་མོར་དོ་སྣང་།
རྒྱ་ནག་ཉེན་རྟོག་པས་མི་ལ་སྡུག་སྦྱོང་གཏོང་སྟངས་ཀྱི་རི་མོ་མང་པོ་ཞིག་ལ་རྒྱ་ནག་མི་མང་དང་བརྒྱུད་ལམ་ཁག་གིས་དོ་སྣང་ཤུགས་ཆེན་བྱེད་ཀྱི་ཡོད་འདུག
རྒྱ་ནག་ཉེན་རྟོག་པས་མི་ལ་སྡུག་སྦྱོང་གཏོང་སྟངས་ཀྱི་རི་མོ་མང་པོ་ཞིག་ལ་རྒྱ་ནག་མི་མང་དང་བརྒྱུད་ལམ་ཁག་གིས་དོ་སྣང་ཤུགས་ཆེན་བྱེད་ཀྱི་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༡༠ ཉིན་གྱི་ནིའུ་ཡོག་དུས་བབ་ཀྱིས་གནས་ཚུལ་སྤེལ་ཚུལ་ལྟར་ན། རྒྱ་རིགས་ལེའུ་རིན་ཝང་(Lui Rinwang)ལ་གྲོང་གསེབ་ཀྱི་དཔོན་རིགས་ཤིག་བསད་པའི་ནག་ཉེས་གཡོགས་ཏེ། ཕྱི་ལོ་༢༠༠༨ ལོར་བཙོན་འཇུག་བྱས་ཡོད་པ་དང། ཕྱི་ལོ་༢༠༡༠ ལོར་ཤིན་ཛིའི་ས་གནས་ཁྲིམས་ཁང་ཞིག་གིས་ཁོང་ལ་སྲོག་ཐོག་གི་ཁྲིམས་ཐག་བཅད་ཡོད་འདུག རྗེས་སུ་ཁྲིམས་ཆད་དེ་དུས་འགྱངས་བྱས་པ་དང། ལོ་གཉིས་ཀྱི་རྗེས་སུ་གནས་ཚུལ་དེར་ཞིབ་འཇུག་སླར་ཡང་བྱས་ཏེ། ཁོང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་འདུག ཕྱི་ལོ་༢༠༡༣ ལོར་ཁྲིམས་ཁང་ལ་བསྐྱར་དུ་ཞུ་གཏུག་བྱས་ཏེ་ཁོང་ལ་ནག་ཉེས་མེད་པ་ར་འཕྲོད་བྱུང་བས་གློད་གྲོལ་ཐོབ་ཡང། མི་གསོད་མཁན་སུ་ཡིན་ད་དུང་འཛིན་བཟུང་ཐུབ་མེད་པ་རེད།
ལོ་༥༣ ཡིན་པའི་ལེའུ་རིན་ཝང་གིས་ “ངས་རི་མོ་དེ་དག་ས་གནས་གཞུང་ནས་ང་ལ་མ་ཉེས་ཁ་གཡོགས་དང་སྡུག་སྦྱོང་བསམ་ཡུལ་ལས་འདས་པ་བཏང་བར། གུན་གསབ་ཐོབ་ཆེད་དུ་བཟོས་པ་ཡིན། དེ་མ་ཟད་མི་མང་གིས་ཉེན་རྟོག་པས་འདྲི་ཞིབ་སྐབས་སྡུག་སྦྱོང་ཇི་ལྟར་གཏོང་གི་ཡོད་མེད་ཤེས་སུ་འཇུག་ཆེད་ཀྱང་ཡིན།”ཞེས་འགྲེལ་བརྗོད་བྱས་ཡོད་འདུག
རི་མོ་དེ་དག་ལས་གཅིག་གི་ནང་ལྕགས་ཁྲ་ཞིག་གི་ནང་བཙོན་པ་ཞིག་བཅུག་ཡོད་པ་དང་དེའི་མགོ་ལ་ཉེན་རྟོག་པས་ཆུ་ཚ་པོ་བླུགས་བཞིན་པ། དེ་བཞིན་རི་མོ་གཞན་གྱི་ནང་བཙོན་པ་ཞིག་ལ་ལག་ལྕགས་རྒྱབས་ཏེ་གནམ་བཏག་བརྒྱབ་པ་དང་། དེར་ཉེན་རྟོག་པས་ལྕགས་རྒྱུག་འཛུགས་ཀྱི་ཡོད་པ་སོགས་བྲིས་ཡོད་འདུག རི་མོ་དེ་དག་ལས་དང་པོ་བས་བྲིས་པ་ཡིན་འདུག་ཀྱང། དེ་དག་ལས་རྒྱ་ནག་ཉེན་རྟོག་པས་བཙོན་པར་སྡུག་སྦྱོང་བྱེད་ཚུལ་མི་སྤྱོད་ལས་འདས་པ་སྟོན་ཐུབ་པ་བྱུང་བས། རྒྱ་ནག་མི་མང་དང་བརྒྱུད་ལམ་ཁག་ནས་དོ་སྣང་ཤུགས་ཆེར་བྱེད་བཞིན་ཡོད་འདུག
ཁྲིམས་ལ་མཁས་པ་མང་པོ་ཞིག་གིས་རྒྱ་ནག་གི་ཉེན་རྟོག་པ་ཚོར་མི་བསད་པའི་གནས་ཚུལ་གསལ་པོ་བཟོ་དགོས་པའི་གནོན་ཤུགས་ཆེན་པོ་ཡོད་པས། དུས་སྐབས་དེའི་འོག་དོག་ཡོད་ཅན་མང་པོ་ཞིག་ལ་སྡུག་སྦྱོང་ཚད་མེད་བཏང་སྟེ། དོག་ཡོད་མི་སྣ་དེ་དག་ལ་ནག་ཉེས་ཀྱི་དཔང་པོ་མེད་ཀྱང་བཙན་དབང་འོག་ཁས་ལེན་བྱེད་དགོས་བྱུང་གི་ཡོད་པ་རེད་ཅེས་དཔྱད་བརྗོད་བྱེད་ཀྱི་ཡོད་འདུག
“ང་ཚོས་ཉེས་འཛུགས་ནོར་འཁྲུལ་བྱུང་བ་ངོས་ལེན་དང། ས་གནས་ཁག་གི་ཁྲིམས་ཁང་ཆེ་ཆུང་ཚང་མས་ནོར་འཁྲུལ་དེ་དག་ལས་སློབ་གསོ་ལེན་དགོས་པ་ཡིན།”ཞེས་རྒྱ་ནག་གི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཆེ་བ་ཀྲུའུ་ཆང་(Zhou Qiang)གིས་ཟླ་༣ པའིི་ནང་ཤིན་ཧྭ་གསར་ཁང་ལ་བརྗོད་ཡོད་འདུག
དེ་སྔོན་དོལ་སྐྱེལ་རླངས་འཁོར་ཁ་ལོ་བ་ལེའུ་རིན་ཝང་གིས་ཁོང་ལ་ཁྲིམས་ཐག་གཅོད་མཁན་ལེའུ་ལེངས་(Lui Liang)ཁྲིམས་ཁང་བར་མ་ལས་གུན་གསབ་ཨ་སྒོར་ས་ཡ་གཅིག་ཙམ་ཐོབ་པར་རྩོད་ལེན་བྱེད་ཀྱི་ཡོད་འདུག ཁོང་གིས་རང་ཉིད་བཙོན་འཇུག་བྱས་པ་དེས་ཁྱིམ་ཚང་གི་དཔལ་འབྱོར་ལ་གྱོང་གུད་ཆེན་པོ་བྱུང་ཡོད་པ་དང། བཟའ་ཟླ་ཡང་ནད་པ་ཆགས་པ་མ་ཟད། ཁོང་བཙོན་ལ་ཡོད་སྐབས་ཁོང་གི་བུ་ཚོར་སློབ་གྲྭར་དབྱེ་འབྱེད་བྱས་པ་སོགས་དཀའ་ངལ་མང་པོ་འཕྲད་ཡོད་པ་དང། བཙོན་ལ་མྱངས་པའི་སྡུག་སྦྱོང་རྐྱེན་གྱིས་ཁོང་གི་གཟུགས་པོ་ཕན་མེད་ཆགས་ཡོད་པས། ལས་ཀ་གང་ཡང་བྱེད་ཐུབ་ཀྱི་མེད་སྐོར་བརྗོད་ཡོད་འདུག
ཕྱི་ལོ་༢༡༠༤ ལོར་རྒྱ་ནག་ཁྲིམས་ཁང་གིས་ནག་ཉེས་ཀྱི་ཁྲིམས་ཐག་བཅད་པའི་གནས་ཚུལ་༡༣༠༠ ལ་བསྐྱར་ཞིབ་བྱས་ཡོད་པ་དང། དེ་དག་ལས་མང་པོ་ཞིག་ལ་ཁྲིམས་ཐག་ནོར་བ་བཅད་ཡོད་པ་ར་འཕྲད་བྱུང་ཡོད་འདུག
སྐལ་བཟང་དོན་གྲུབ་ཀྱིས་སྒྱུར་སྒྲིག་བྱས།།